ལོ་རྒྱུས་ཀྱིས་དངོས་ཡོད་བརྗོད་པ།

——བརྙན་འཕྲིན་ཟློས་གར་《མི་ཡུལ་བརྗེ་བ》ཞེས་པ་ལ་དཔྱད་པ།

ལི་ཀྲུན།

ཀྲུང་གོ་གསར་པ་དབུ་བརྙེས་པ་ནི་ཀྲུང་གོའི་ལོ་རྒྱུས་སྟེང་གནམ་ས་གོ་འབྱེད་པའི་རླབས་ཆེ་བའི་བྱ་གཞག་ཅིག་ཡིན་ལ། འཛམ་གླིང་གི་འཕེལ་རྒྱས་བརྒྱུད་རིམ་ལ་འགྱུར་ལྡོག་གཏོང་བའི་དོན་ཚན་ཆེན་མོ་ཞིག་ཀྱང་ཡིན། སྒྱུ་རྩལ་གསར་རྩོམ་གྱི་བརྗོད་དོན་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་ཡིན་ལ། སྔོག་འདོན་ཟབ་མོ་བྱས་ཐེངས་རེ་རེར་གྲུབ་འབྲས་གསར་པ་རེ་རེ་ཐོབ་ཡོད། དེར་བརྟེན། ཝང་ཁྲའོ་ཀྲུའུ་འཁྲབ་གཞུང་རྩོམ་པ་བྱེད་པའི་《མི་ཡུལ་བརྗེ་བ》(ཀྲུང་གུང་ཐེན་ཅིན་གྲོང་ཨུ་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་བརྙན་འཕྲིན་ཁང་། ཐེན་ཅིན་རྒྱང་བསྒྲོགས་བརྙན་འཕྲིན་ཁང་གི་མཉམ་དུ་བཏོན་པ)ལོ་གསར་གྱི་འགོ་ཚུགས་པའི་ཟློས་གར་ཡིན་པའི་ཆ་ནས་ཀྲུང་དབྱང་བརྙན་འཕྲིན་ཁང་ནས་བཏང་རྗེས། ལྟད་མོ་བ་རྣམས་ལ་ངོ་མཚར་གསར་པ་བསྐྲུན་ཡོད། དེ་ནི་གསར་རྩོམ་མཁན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཉིད་དུས་རབས་གསར་པའི་ནང་སླེབས་པའི་མཐོ་ཚད་ནས་ལངས་ཏེ། སྒྱུ་རྩལ་གྱིས་འཛམ་གླིང་རྒྱུས་ལོན་བྱེད་པའི་ཐབས་ཤེས་ལ་བརྟེན་ནས་རྒྱལ་ཁབ་དབུ་བརྙེས་པའི་ལོ་རྒྱུས་ལ་ཆེད་དུ་སྒྲིག་པའི་བརྩེ་སེམས་ཟབ་པའི་ཕྱི་དྲན་དང་མཐོང་རྙེད་ཅིག་རེད། ཟློས་གར་གྱི་མཐོང་རྒྱ་ཧ་ཅང་ཆེ་ལ། ནང་དོན་ཧ་ཅང་ཕུན་སུམ་ཚོགས། བསམ་པའི་འདྲི་བ་ཧ་ཅང་རྣོན་པོ་ཡིན་ལ། ལོ་རྒྱུས་མཚོན་པའི་སྙན་ངག་གི་སྤུས་ཚད་ཧ་ཅང་རང་རྟོགས་ཡིན་པ་བཅས་ཀྱིས་རིགས་འདྲ་བའི་གློག་བརྙན་དང་བརྙན་འཕྲིན་ཟློས་གར་གྱི་ཚད་ཤིང་མཐོ་པོ་ཞིག་ཏུ་བསྐྲུན་ཡོད།

གལ་ཆེའི་གསར་བརྗེའི་ལོ་རྒྱུས་བརྗོད་དོན་ཟློས་གར་ཧ་ཅང་འགངས་ཆེ་བའི་རྒྱུ་མཚན་ནི། དེས་གསར་བརྗེའི་འགོ་ཁྲིད་མི་སྣ་མཚོན་སྟངས་བྱེད་ཡུལ་གཙོ་བོ་བྱེད་དགོས་པ་མ་ཟད། དོན་བརྗོད་ཀྱི་ཐོག་ངེས་པར་དུ་“དོན་ཆེན་རྫུན་བཟོས་མིན་པ་དང་དོན་ཆུང་སྒྱུ་རྩལ་གྱིས་རྩོམ་པའི་”གསར་རྩོམ་གྱི་རྩ་དོན་བརྩི་སྲུང་བྱེད་དགོས། ཡིད་ཕངས་པ་ཞིག་ནི། ཉེ་བའི་ལོ་འགའི་རིང་ངང་ཐུང་སྤྱོད་སྲོལ་གྱིས་ཤུགས་རྐྱེན་འོག གལ་ཆེའི་བརྗོད་དོན་ཟློས་གར་འགའ་ཞིག་ལ་གལ་ཆེའི་ལོ་རྒྱུས་རང་བཞིན་ཇེ་ཉུང་ནས་ཇེ་ཉུང་དུ་ཕྱིན་པའི་སྣང་ཚུལ་འབྱུང་གིན་ཡོད། དུས་སྐབས་འདིར། 《མི་ཡུལ་བརྗེ་བ》ཞེས་པའི་གསར་རྩོམ་མཁན་གྱི་ལས་སྟངས་ནི་ཏག་ཏག་རྒྱབ་འགལ་ཡིན་པ་སྟེ། ཁོང་ཚོས་ལོ་རྒྱུས་ལ་བརྩི་སྲུང་བྱེད་པའི་སྒོ་ནས། ཐེངས་དང་པོར་ཕིན་ཅིན་དམག་འཐབ་ནས་ཀྲུང་དབྱང་པེ་ཅིན་དུ་སྤོ་བ།  ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་མེ་འགོག་ཁྲའོ་རོགས་བྱེད་པ། སྐབས་དང་པོའི་ལོ་ལྔའི་འཆར་གཞི་བཏོན་པ་བཅས་རླབས་ཆེ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་མ་ལག་ལྡན་པ་དང་སྒྱུ་རྩལ་ལྡན་པའི་སྒོ་ནས་མཚོན་ཡོད་པ་མ་ཟད། ད་དུང་ཚང་མ་ལོ་རྒྱུས་ཀྱི་དོན་དངོས་དང་ནན་ཏན་གྱིས་བསྡུར་བ་བྱས་ཐུབ་པས། སྣང་བརྙན་ལྡན་པའི་ལོ་རྒྱུས་ཀྱི་སློབ་ཚན་ཞིག་རེད་ཅེས་བརྗོད་ཆོག  དེ་དང་དུས་མཚུངས་སུ། གསར་རྩོམ་མཁན་གྱིས་བྱེ་བྲག་གི་བྱུང་ཚུལ་དང་ཞིབ་ཕྲའི་འབྲི་སྟངས་ཐོག་བསམ་གཞིགས་ཀྱི་གཤོག་ཟུང་བརྐྱངས་ནས་ཡིད་དབང་འཕྲོག་པའི་སྒྱུ་རྩལ་བརྩམས་ཡོད། ཡིན་ན་ཡང་ལོ་རྒྱུས་ཀྱི་འཕེལ་རྒྱས་གཏན་ཚིགས་དང་མི་སྣའི་གཤིས་ཀ་འཕེལ་རྒྱས་ཀྱི་གཏན་ཚིགས་དང་རྦད་དེ་མཐུན་པ་ཞིག་ཡིན་པས། རང་གར་དུ་རྩོམ་པའི་བྱེད་ཐབས་དང་མཚམས་ཐིག་ཕྱེ་ཡོད། དཔེར་ན། བརྙན་འཕྲིན་ནང་མའོ་ཙེ་ཏུང་གིས་ཅང་ཅེ་ཧྲི་ཕམ་ཁ་ལོན་པའི་རྒྱུ་མཚན་བརྗོད་དུས་དང་། ཅང་སུང་ཁུང་ཁྲེན་བཅས་ཁྱིམ་རྒྱུད་ཆེན་མོ་བཞི་ཡིས་རྒྱལ་ཁབ་ལ་གནོད་པ་དང་མི་དམངས་ལ་གནོད་འཚེ་གཏོང་བའི་སྐབས་བཤད་པའི་“དོན་དག་གཅིག་ནི་གཏན་ཁེལ་བྱས་ཆོག་པ་ཞིག་སྟེ། ང་མའོ་ཙེ་ཏུང་དང་། ཀྲུའུ་ལའོ་ཙུང་། ད་དུང་ཀྲོའུ་ཨེན་ལའེ། ཧྲའོ་ཆི་བཅས་ནི་ཁྱིམ་རྒྱུད་ཆེན་མོ་བཞི་རུ་གཏན་ནས་འགྱུར་མི་སྲིད་”ཅེས་པ་དང་། ཀྲུའུ་ཏེ་ཡིས་ཀྲུང་གོ་གསར་བརྗེའི་བརྒྱུད་རིམ་ཁྲོད་ཀྱི་བློས་གཏོང་ཆེན་མོ་གླེང་བའི་སྐབས་“གལ་ཏེ་རྗེས་མི་ལ་ལས་ང་ཚོ་གུང་ཁྲན་ཏང་མིས་གནམ་འོག་བླངས་པའི་ལོ་རྒྱུས་ལ་ཁས་མི་བླངས་ན། དེ་ནི་ཉུལ་མ་རེད་”ཅེས་བརྗོད་པ། ཀྲོའུ་ཨེན་ལའེ་ཡིས་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་སྐབས་བརྗོད་པའི་“རང་རྒྱལ་གྱི་བོད་ལྗོངས་ལ་བསམ་ངན་བཅངས་པའི་བཙན་རྒྱལ་རིང་ལུགས་རྒྱལ་ཁབ་ཀྱིས་ད་དུང་ཕུང་དཀྲུག་བྱེད་རྒྱུ་རེད་”ཅེས་པ་སོགས་ངག་སྙན་བརྗོད་བདེའི་གར་སྟེགས་ཀྱི་སྐད་ཆ་དག་ནི་གཏིང་ཟབ་མོའི་སྒོ་ནས་ཏང་གི་འགོ་ཁྲིད་མི་སྣའི་སེམས་ཁམས་འཇིག་རྟེན་དང་བླ་མེད་ཀྱི་རེ་སྙེག་མཚོན་པ་དང་། ལོ་རྒྱུས་དང་དངོས་ཡོད་ཀྱི་ནང་གནས་འབྲེལ་བ་ཕྱེ་ཞིང་། ལྟད་མོ་བ་རྣམས་ལ་ཤུགས་ཆེའི་སེམས་འགུག་ཐེབས་ས་དང་ཐུན་མོང་གི་རེ་འདུན་སློང་སའི་ཚིག་འབྲུ་ཏག་ཏག་རེད།

ལོ་རྒྱུས་མཚོན་པའི་སྙན་ངག་གི་སྤུས་ཚད་ཀྱི་སྲོག་ཤིང་ནི་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་ལས་བསྐལ་གྱི་བསམ་གཞིགས་དང་འདྲེན་པ་ཡིན། 《མི་ཡུལ་བརྗེ་བ》ལས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གསར་པའི་ལས་བསྐལ་དེ་འཛམ་གླིང་ཡོངས་ཀྱི་གནས་བབ་འགྱུར་ལྡོག་ཁྲོད་འཇོག་སྟེ་ཞིབ་ལྟ་བྱེད་པ་དང་། ནུས་ཤུགས་ཆེན་མོས་མའོ་ཙེ་ཏུང་གིས་མཚོན་པར་བྱེད་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཅི་ལྟ་བུའི་སྒོ་ནས་རྙོག་དྲ་ཆེ་ལ་ཚོར་བ་དྲག་པོའི་རྒྱལ་སྤྱིའི་འགྲན་བསྡུར་ཁྲོད་མུ་མཐུད་དུ་རྒྱལ་ཁབ་གཅིག་འགྱུར་དང་མི་རིགས་ལ་རྒྱར་སྲུང་སྐྱོང་བྱེད་པའི་ཁྲོད་རླབས་ཆེ་བའི་གདམ་ཀ་མཛད་པ་དང་། འགྱུར་མེད་ངང་རང་ཚུགས་རང་བདག་གི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ་མཚོན་ཡོད། ནན་ཅིན་བཅིངས་འགྲོལ་བཏང་རྗེས། ཨ་རིའི་གཞུང་ཚབ་སི་ཐུ་ལེ་ཏེ་ནན་ཅིན་དུ་བསྡད་པ་དང་། གྲོས་མོལ་བྱེད་འདོད་ཡོད་ལ་འབྲུ་རིགས་དང་སྲིང་བལ་སྟེར་རྒྱུ་ཡིན་ཟེར། ཡིན་ན་ཡང་སྔོན་འགྲོ་ནི་ཀྲུང་གོ་བ་ཨ་རིའི་“འབངས་མི་”བྱེད་དགོས་ཟེར། མའོ་ཙེ་ཏུང་གི་དྲིས་ལན་ནི་《ཁ་གྱེས་དང་།  སི་ཐུ་ལེ་ཏེ》ཞེས་པ་དེ་རེད། ཨ་རི་སྲིད་གཞུང་གིས་མཚོ་ཐོག་བཀག་སྡོམ་བྱེད་པ་དང་ཐའེ་ཝན་གྱོད་གཞི་དང་དུ་བླངས་པར་རང་སྲིད་གཞུང་གིས་ཕྱོགས་ཡོངས་ནས་ངོ་རྒོལ་བྱས་པ་རེད། དབྱིན་ཇི་དང་ཨ་རིས་མཉམ་དུ་ང་ཚོའི་ཞིན་ཅང་ས་ཁུལ་དུ་“ཏུང་ཐུ་ཅེ་སི་ཐན་”སྤེལ་བ་རེད། མའོ་ཙེ་ཏུང་གིས་ལམ་སང་བཀའ་ཕབ་པ་དང་དམག་གྲ་སྒྲིག་བྱས་ནས་མགྱོགས་སུ་ཞིན་ཅང་ས་ཁུལ་དུ་ཕྱིན།  ཨ་རིའི་དམག་གིས་འཐབ་འཛིང་ཡར་ཀླུང་གཙང་པོའི་འགྲམ་དུ་བརྒྱབ། རྒྱལ་ནང་དུ་ཉམས་པ་ཀུན་གསོ་མ་བྱུང་ངང་དུ་གནས་པའི་གནས་བབ་འོག ང་ཚོའི་དང་བླངས་དམག་གིས་འདང་ཙམ་ཡང་མ་རྒྱག་པར་ཁྲའོ་ཞན་དུ་སོང་སྟེ་ཨ་རིའི་དམག་གསུམ་བརྒྱད་ཐིག་ཏུ་ཕྱིར་འབུད་བཏང་།  དབྱིན་ཇི་དང་ཨ་རིའི་སྲིད་གཞུང་གིས་བོད་ལྗོངས་དེ་ཀྲུང་གོའི་ས་ནས་ཁ་བྲལ་དུ་གཏོང་བའི་ཇུས་ངན་བཟོས། ཀྲུང་གོ་གསར་པས་དྲིས་ལན་ནི་མགྱོགས་མྱུར་བོད་ལྗོངས་སུ་དམག་དཔུང་བསྐྱོད་ནས། དང་བླངས་དམག་གིས་ཁྲའོ་ཞན་དུ་དམག་རྒྱག་པའི་ཉིན་གཉིས་པ་ལ་ལྷ་སར་བརྒྱུད་པའི་གྲོང་བརྡལ་གལ་ཆེན་ཏེ་ཆབ་མདོ་ཞི་བས་བཅིངས་འགྲོལ་བཏང་བ་མངོན་འགྱུར་བྱུང་ཡོད། བརྩམས་ཆོས་ཤིག་གིས་དཀའ་ཚེགས་ཆེ་བའི་གདམ་ཀ་རབ་དང་རིམ་པ་ཞིག་འདི་ལྟ་བུ་བདེན་པ་དང་ཡིད་དབང་འཕྲོག་ལ་དཔའ་ངར་ཆེ་བའི་སྒོ་ནས་མདུན་དུ་བཤམས་པ་ནི་སྔར་ཡོད་མ་མྱོང་བ་ཞིག་རེད། ཏག་ཏག་གདམ་ཀ་འདི་དག་གིས་ཀྲུང་གོ་གསར་པའི་རང་ཚུགས་རང་བདག་གི་འཕེལ་རྒྱས་ལ་བགྲོད་ལམ་གསར་པ་བཏོད་པ་མ་ཟད། དེང་གི་ཀྲུང་གོའི་རྒྱལ་ཁབ་ཆེན་མོའི་གོ་གནས་ལ་རྨང་རྡོ་བརྟན་པོ་བཏིང་ཡོད།

“ཅིན་དུ་རྒྱུགས་སྤྲོད་ས་ཕྱིན་པའི་”བརྗོད་དོན་འདི་ལ་གཏིང་ཟབ་མོའི་སྔོག་འདོན་བྱས་ཡོད་ལ། 《མི་ཡུལ་བརྗེ་བ》ཞེས་པའི་བརྙན་འཕྲིན་གྱི་བྱས་རྗེས་གསར་པ་ཞིག་ཀྱང་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་པའི་དུས་འགོར་ཏང་ཡོན་ལས་བྱེད་པའི་རུལ་སུངས་སྐོར་གྱི་གྱོད་གཞི་ཁྱབ་རྒྱ་ཆེ་བར་བྱུང་བའི་གནས་ཚུལ་ལ་གཞིགས་ནས།  མའོ་ཙེ་ཏུང་གི་མྱོང་ཚོར་འདི་འདྲ་བརྗོད་ཡོད་པ་སྟེ། ང་ཚོའི་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་གཉིས་ཙམ་མ་གཏོགས་སོང་མེད་ཀྱང་། ལས་བྱེད་པ་འདི་འདྲ་མང་པོ་ཞིག་སྒོར་མོའི་འགག་ལས་མི་ཐུབ་པར། མི་སེར་ཟ་བ་དང་མི་སེར་འཐུང་བའི་སྟག་རྒན་དང་སྟག་ཕྲུག་རེ་རེ་བཞིན་དུ་འགྱུར་བ་ནི་ཅི་ཡིན་ནམ། འགའ་ཞིག་ནི་ཐ་ན་མ་རྩ་ཅན་གསར་པར་འགྱུར་བ་རེད། གནད་དོན་འདི་ཐག་གཅོད་ཅི་འདྲ་བྱེད་རྒྱུ་ནི། རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་བྱ་འགུལ་གྱི་བརྗོད་དོན་གསར་པ་ཞིག་ཏུ་འགྱུར་ཡོད། བརྗོད་དོན་འདི་འདྲ་མངོན་པ་ནི་ཟློས་གར་ཡོངས་ལ་གསལ་བ་དང་། ལོ་རྒྱུས་ལ་བརྒྱུད་ཅིང་། ལྟད་མོ་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཏིང་ཟབ་མོའི་སྒོ་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་འཛིང་ལ་ཡིད་ཆེས་དང་རེ་སྒུག་གིས་ཁེངས་པར་བྱས་ཡོད།

ཕུལ་དུ་བྱུང་བའི་གལ་ཆེའི་གསར་བརྗེའི་ལོ་རྒྱུས་ངོ་མ་བརྗོད་དོན་དུ་བྱས་པའི་ཟློས་གར་ནི་དངོས་ཡོད་ཀྱི་མེ་ལོང་ཞིག་ཡིན། 《མི་ཡུལ་བརྗེ་བ》ཞེས་པའི་བརྙན་འཕྲིན་འདིར་བལྟས་རྗེས། ཡུན་རིང་ཞིག་ལ་སེམས་ཁམས་འཇགས་ཐབས་བྲལ། དེ་ནི་ལོ་རྒྱུས་ལ་མཐོང་རྙེད་བྱུང་བ་དང་དངོས་ཡོད་ལ་ཁེངས་པའི་སྤོབས་པ། མ་འོངས་པའི་ཕུགས་འདུན་བཅས་ཚང་མ་སེམས་ཁོང་ནས་འཁོལ་གྱིན་ཡོད་པས་སོ།།

བློ་བཟང་ལྷ་མོས་བསྒྱུར།