མཚོ་ནུབ་བརྙན་འཕྲིན་ཁང་གིས་སྒྲིག་རྩོམ་བྱས་པའི་《མེ་ལོང་ཀུན་གསལ》ཞེས་པའི་དཔེ་དེབ་དེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་ལེགས་འགྲུབ་བྱུང་།

 

                                     

གསར་འགྱུར་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་སྣོན་པ་དང་།  རྒྱ་ཆེ་བའི་མང་ཚོགས་ཡོངས་ཀྱིས་གསར་འགྱུར་ལས་རིགས་ལ་དོ་ཁུར་བྱེད་པའི་འདུ་ཤེས་ཇེ་ལེགས་དང་། ལྷག་ཏུ་ལས་རིགས་འདི་ལ་དགའ་བོ་ཡོད་པའི་གཞོན་སྐྱེས་མང་པོ་ཞིག་ལ་གསར་འགྱུར་སྨྱན་བྱད་ཀྱི་རྒྱུ་ཆ་ལེགས་པོ་ཞིག་མཁོ་འདོན་བྱེད་ཆེད་དུ། 2017ལོར་མཚོ་ནུབ་ཁུལ་དུ་བསྡུས་པའི་ཞིང་ཆེན་ཡོངས་ཀྱི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་ཕུལ་བྱུང་བརྩམས་ཆོས་དཔྱད་འདེམས་དཔྱད་བསྡུར་སྟེང་གི་ཕུལ་བྱུང་བརྩམས་ཆོས་དག་ལ་གཞི་བཅོལ་ཏེ། མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྡེ་ཁག་གི་སྤྱི་ཁྱབ་ལྟ་སྐུལ་བ་དོན་གྲུབ་ཚེ་རིང་གིས་གཙོ་སྒྲིག་དང་བོང་སྟག་རི་ལུ་ཡིས་གཙོ་སྒྲིག་གཞོན་པའི་འགན་ཁུར་ཞིང་རང་སྒེར་གྱིས་མ་དངུལ་བཏང་ནས་བཏོན་པའི་དཔྱད་རྩོམ་ལེགས་གྲས་བདམས་བསྒྲིགས༼མེ་ལོང་ཀུན་གསལ༽ཞེས་པ་ཉེ་ཆར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དངོས་སུ་དཔར་བསྐྲུན་ལེགས་འགྲུབ་བྱུང་།

དཔེ་དེབ་འདི་ལ་ཡིག་གྲངས་ཁྲི་སུམ་ཅུ་ཙམ་ཡོད་ལ། གཙོ་བོ་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་བརྩམས་ཆོས་ལ་གཞི་བཅོལ་ཏེ་མཚོ་ནུབ་ས་ཁུལ་གྱི་གལ་ཆེའི་གསར་འགྱུར་དག་གིས་ཟུར་བརྒྱན་ཏེ་སྒྲིག་ཡོད་ལ། དཔེ་དེབ་འདི་ནི་གསར་འགྱུར་ལས་རིགས་ཀྱི་བྱ་བ་སྒྲུབ་མཁན་དག་ལ་མཚོན་ན། དཔྱད་གཞིའི་རྒྱུ་ཆ་ལེགས་པོ་ཞིག་ཏུ་གྱུར་ཡོད།