མཚོ་སྔོན་དུ་འཛམ་གླིང་རིམ་པའི་ས་རྒྱུའི་གནའ་ཤུལ10གསར་རྙེད་བྱུང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ས་རྒྱུའི་བརྟག་དཔྱད་གླིང་ནས་རྒྱུས་ལོན་བྱས་པ་ལྟར་ན། ས་རྒྱུ་བརྟག་དཔྱད་གླིང་དེས“ནུབ་བྱང་ས་ཁུལ་གྱི་ས་རྒྱུའི་གནའ་ཤུལ་གལ་ཆེན་ལ་བརྟག་དཔྱད”བྱེད་པའི་ལས་གཞི་དེའི་འགན་ཁུར་ཡོད་པ་མ་ཟད། ལེགས་འགྲུབ་བྱུང་ཟིན། ས་རྒྱུ་གལ་ཆེན་གྱི་གནའ་ཤུལ་མི་འདྲ་བ242གསར་རྙེད་བྱུང་བ་དང་དེའི་ཁྲོད་འཛམ་གླིང་རིམ་པའི་ས་རྒྱུའི་གནའ་ཤུལ10ཡོད།

ས་རྒྱུའི་གནའ་ཤུལ་ཞེས་པ་ནི་སའི་གོ་ལའི་རིམ་འགྱུར་གྱི་ལོ་རྒྱུས་དུས་ཡུན་རིང་པོའི་ཁྲོད་ཕྱི་ནང་གི་འགལ་རྐྱེན་མི་འདྲ་པ་སྣ་ཚོགས་ཀྱི་དབང་གིས་གྲུབ་པ་ཞིག་སྟེ། འཕེལ་རྒྱས་དང་གནའ་ཤུལ་ལས་ང་ཚོར་བཞག་པ་ནི་སླར་གསོ་མི་ཐུབ་པའི་རིན་ཐང་བྲལ་པའི་ས་རྒྱུའི་སྣང་ཚུལ་དེ་ནི་སའི་གོ་ལའི་རིམ་འགྱུར་ལ་ཞིབ་འཇུག་དང་སའི་གོ་ལ་ངོས་འཛིན། ཚན་རིག་གི་ཡོངས་ཁྱབ་དར་སྤེལ་གཏོང་བའི་སྒེའུ་ཁུང་དང་བདེན་དཔང་གལ་ཆེན་ཞིག་ཡིན་ལ། ལྗང་མདོག་གི་ཐོན་ཁུངས་གལ་ཆེན་ཞིག་ཀྱང་ཡིན་པ་རེད།

ཆེད་མཁས་མི་སྣས་གསལ་འབྱེད་ལྟར་ན། ཐེངས་འདིའི་བརྟག་དཔྱད་ལས་གསར་རྙེད་བྱུང་བའི་ས་རྒྱུའི་གནའ་ཤུལ་གལ་ཆེན242གྱི་ཁྲོད་དུ་འཛམ་གླིང་རིམ་པའི་གནའ་ཤུལ10དང་རྒྱལ་ཁབ་རིམ་པའི་གནའ་ཤུལ66 ཞིང་ཆེན་རིམ་པའི་གནའ་ཤུལ166ཡོད། དེའི་ཁྲོད་འཛམ་གླིང་རིམ་པའི་ས་རྒྱུའི་གནའ་ཤུལ་ཁྲོད་མདོ་དབུས་མཐོ་སྒང་གི་འཐུས་ཚབ་དུ་གྱུར་བའི་མཚོ་ངོས་ལས་རྨིད1500ཡས་མས་ནས་རྨིད3500ནས4000བར་འགྱུར་ལྡོག་བྱུང་བའི་ཁུ་ནུ་རི་བོའི་རི་འདབས་ཀྱི་དུས་སྔ་མོའི་བྱང་ཐང་གཙང་བོ་དང་ན་གོར་མོ་གྲོང་ཁྱེར་གྱི་དུས་སྔ་མོའི་བྱང་ཐང་གཙང་བོ། རྨ་ཆུའི་འབབ་རྒྱུད་ཀྱི་མཚོ་ངོས་ལས་ཆེས་མཐོ་ཤོས། ཁྱབ་ཁོངས་ཀྱི་རྒྱ་ཁྱོན་ཆེས་ཆེ་བའི་ཨ་མྱེས་རྨ་ཆེན་དེང་རབས་འཁྱགས་དར། མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་འཐུས་ཚབ་དུ་གྱུར་བའི་ན་གོར་མོ་གྲོང་ཁྱེར་དབུས་ཚྭ་མཚོའི་ཅ་དང་ཚྭའི་གཏེར་ཁུངས་ཐོན་རྫས་སོགས་ཡིན།

མཚོ་སྔོན་ཞིང་ཆེན་ས་རྒྱུའི་བརྟག་དཔྱད་ཞིབ་འཇུག་གླིང་གི་མཐོ་རིམ་བཟོ་སྐྲུན་མི་སྣ་པེ་ཡོན་ཧྲན་གྱིས་ངོ་སྤྲོད་བྱེད་རྒྱུར། ཐེངས་འདིའི་ས་རྒྱུའི་གནའ་ཤུལ་ལ་བརྟག་དཔྱད་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི་ཁྱད་ཆོས་ལྡན་པའི་ས་རྒྱུའི་གནའ་ཤུལ་དེར་ལོ་ངོ་དུང་ཕྱུར5.7ནས2.5གྱི་ཡར་སྔོན་དུ་བྱུང་ཞིང་། འཐུས་ཚབ་རང་བཞིན་གྱི་རྒྱ་མཚོ་ཆེན་པོ་གྲུབ་པ་ནས་མེད་པར་སོང་བའི་ས་རྒྱུའི་གནའ་ཤུལ་རིགས་མི་འདྲ་བ་སྣ་ཚོགས། དེ་མིན་མཐོ་སྒང་གི་རི་བོ་ཡར་འཕགས་པའི་དུས་རིམ་ལས་གྲུབ་པའི་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་མཚོ་དང་མཚེའུ། བརླན་ས་དང་འཁྱགས་རོམ་སོགས་ས་རྒྱུའི་གནའ་ཤུལ། དེ་དང་མཉམ་པོར་ཐེངས་འདིར་གསར་རྙེད་བྱུང་བའི་བྲག་རྡོའི་ས་དབྱིབས་རྣམ་པའི་ས་རྒྱུའི་གནའ་ཤུལ་སོགས་ཀྱིས་མཚོ་སྔོན་ཞིང་ཆེན་དང་ཀྲུང་གོའི་ནུབ་བྱུང་རྒྱ་མཚོ་ལས་མཐོ་བའི་ས་ཁུལ་དུ་བྲག་རྡོ་མེད་པའི་ས་རྒྱུའི་གནའ་ཤུལ་གྱི་སྟོང་ཆ་དེ་ཁ་སྐོང་བྱས་ཡོད།

ད་ལྟའི་ཆར་ལས་གཞི་དེས་ས་གནས་སྲིད་གཞུང་ལ་ཆེས་ཐོག་མར་སྲུང་སྐྱོབ་བྱེད་དགོས་པའི་སྐོར་གྱི་འཆར་འགོད་བསམ་འཆར་སྙན་གསེང་ཞུས་པ་དང་། མི་འགྱངས་བར་ཞིང་ཆེན་ཧྲིལ་པོར་གནའ་ཤུལ་སྲུང་སྐྱོབ་འཆར་འགོད་ཁྱབ་ཁོངས་མི་འདྲ་བ4རུ་བགོས་ནས་གནའ་ཤུལ་སྲུང་སྐྱོབ་འཆར་འགོད་ས་ཁུལ36དང་ས་རྒྱུའི་གནའ་ཤུལ22ལ་གཅིག་བསྡུས་ཀྱིས་བརྟག་དཔྱད་ཞིབ་འཇུག་བྱ་བ་ཞིབ་ཚགས་ཅན་ཞིག་སྒྲུབ་རྒྱུ་ཡིན་ལ། ས་རྒྱུའི་གནའ་ཤུལ་གནད་ཀྱི་ལྟ་ཞིབ་ཚད་ལེན་དྲ་རྒྱའི་འཛུགས་བསྐྲུན་ལ་ཤུགས་སྣོན་གྱིས་ས་རྒྱུའི་གཏེར་ཁུངས་མི་འདྲ་བ8ལ་སྤྱི་གླིང་གསར་འཛུགས་བྱེད་པའི་བསམ་འཆར་ཡང་བཏོན་ཡོད།

2008ལོར་ཀྲུང་གོའི་རྒྱལ་ཁོངས་ཐོན་ཁུངས་པུའུ་ས་རྒྱུའི་བརྟག་དཔྱད་ཅུའུ་ཡིས་བཀོད་སྒྲིག་བྱས་པའི“རྒྱལ་ཡོངས་ཀྱི་ས་རྒྱུའི་གནའ་ཤུལ་གལ་ཆེན་ལ་བརྟག་དཔྱད”བྱེད་པའི་ལས་གཞི་བཀོད་སྒྲིག་བྱས་པ་དང་དེའི་འཕྲོར“ནུབ་བྱང་ས་ཁུལ་གྱི་ས་རྒྱུའི་གནའ་ཤུལ་གལ་ཆེན་ལ་བརྟག་དཔྱད”བྱེད་པའི་ལས་གཞི་ལག་བསྟར་བྱས་པ་ནི་མཚོ་སྔོན་ཞིང་ཆེན་གྱི་ཆེས་ཐོག་མའི་ཞིང་ཆེན་ཧྲིལ་བོའི་ས་རྒྱུའི་གནའ་ཤུལ་བརྟག་དཔྱད་ཐོག་མ་ཡང་ཡིན། ད་ལྟའི་བར་དུ་ཀྲུང་གོའི་ཞིང་ཆེན་དང་ས་ཁུལ། གྲོང་ཁྱེར་མི་འདྲ་བ31གི་ས་རྒྱུའི་གནའ་ཤུལ་བརྟག་དཔྱད་དེ་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱས་ཡོད་ལ། རྒྱལ་ཡོངས་སུ་ས་རྒྱུའི་གནའ་ཤུལ་ཐོན་ཁུངས་མི་འདྲ་བ6228ལྷག་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།