མཚོ་སྔོན་གྱི་ཐེམ་ཐོ་ཡིན་པའི་པིན་པིང་ཐུང་གཅིན་ནད་ཅན་གྱི་བྱིས་པའི་ཁྱིམ་བདག་གིས་སྨན་བཅོས་རོགས་རམ་ཞུས་ཆོག

 

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ4པའི་ཚེས27ཉིན་ལ། 2018ལོའི་པིན་པིང་ཐུང་གཅིན་ནད་ཅན་གྱི་བྱིས་པར་དམིགས་བསལ་གྱི་འོ་ཕྱེ་ཞལ་འདེབས་སུ་འབུལ་བའི་མཛད་སྒོ་ཞིག་མཚོ་སྔོན་ཞིང་ཆེན་མ་བུ་བདེ་སྲུང་སྨན་ཁང་ནས་སྤེལ་ཏེ། རང་རེའི་ཞིང་ཆེན་གྱི་པིན་པིང་ཐུང་གཅིན་དུག་ནད་ཡོད་པའི་ཁྱིམ་ཚང104ལ་རིན་གོང་སྒོར་ཁྲི50ཡི་དམིགས་བསལ་བཟའ་བཏུང་ཞལ་འདེབས་སུ་ཕུལ་བ་རེད།

ཤེས་གསལ་ལྟར་ན། པིན་པིང་ཐུང་གཅིན་ནད་ནི་ལྷན་སྐྱེས་རང་བཞིན་གྱི་བརྗེ་ཚབ་ནད་ཅིག་ཡིན་ཞིང་། ནད་དེ་ཕོག་པའི་བྱིས་པར་ལྷན་སྐྱེས་སུ་དགོས་པའི་དམིགས་བསལ་གྱི་མའེ་མི་འདང་བའི་དབང་གིས་རང་བྱུང་གི་སྤྲི་དཀར་ཟན་འདུ་བའི་ཟས་རིགས་ཟས་སུ་མི་རུང་བ་རེད། གལ་སྲིད་ཟས་བཅུད་ལ་བརྟེན་ནས་འཕྲལ་མར་ནད་བཅོས་མ་བྱས་ཚེ།   རིག་པ་དྭངས་གསལ་ལ་གནོད་འཚེ་འབྱུང་སྲིད་པ་མ་ཟད་ཚེ་སྲོག་ལ་ཡང་གནོད་པ་ཚབས་ཆེན་ཐེབས་ངེས་པ་རེད།

མཚོ་སྔོན་ཞིང་ཆེན་གྱི་སྐྱེས་མ་ཐག་པའི་བྱིས་པའི་ནད་རིགས་འདེམས་བཤེར་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཞུས་ཧྥ་ལིང་གིས་འདི་སྐད།  རང་རེའི་ཞིང་ཆེན་གྱི་པིན་པིང་ཐུང་གཅིན་ནད་ཕོག་ཚད་ནི་རྒྱལ་ཡོངས་ཀྱི་ལྡབ་གསུམ་ཡིན་ཞིང་། རྒྱལ་ཡོངས་ཀྱི་ནད་དེ་ཕོག་ཚད་ཀྱི་ཆིག་ཁྲི་ལྔ་སྟོང་ཆའི་གཅིག་ཡིན་པ་དང་། རང་ཞིང་དུ་ནད་དེ་ཕོག་ཚད་ལྔ་སྟོང་ཆའི་གཅིག་རེད།  2017ལོར་རང་རེའི་ཞིང་ཆེན་གྱིས་བྱིས་པ་བཅོ་ལྔ་ལ་གཅིན་ནད་དེ་ཕོག་ཡོད་པ་ངོས་བཟུང་། ད་སྔའི་བར་དུ། ཞིང་ཆེན་ཡོངས་ནས་ནད་དེ་ཕོག་ཡོད་པའི་བྱིས་པ་བརྒྱ་ལྷག་འདུག   ནད་དེ་ཕོག་པའི་བྱིས་པ་དེ་དག་ནད་བཅའ་བའི་དུས་ཆེས་ལེགས་ཤོས་ནི་བྱིས་པ་སྐྱེས་མ་ཐག་(སྐྱེས་ནས་ཟླ་གཅིག་ནང་)པའི་བར་སྐབས་དེ་ཡིན་ལ། དེའི་ནང་ནད་བཅོས་ཚད་ལྡན་རེ་བྱས་ན།  བྱིས་པའི་རིག་སྟོབས་དེ་རྒྱུན་ལྡན་དུ་ཆགས་ཐུབ་ཟེར།

ཡིན་ན་ཡང་པིན་པིང་ཐུང་གཅིན་ནད་ཕོག་པའི་བྱིས་པར་ནད་བཅོས་ཀྱི་འགྲོ་གྲོན་ལོ་རེར་སྒོར་ཁྲི་ལྷག་དགོས་པས།  ནད་ཀྱི་དབང་གིས་ཡང་བསྐྱར་དབུལ་པོར་འགྱུར་བའི་གནད་དོན་ཅུང་མངོན་གསལ་རེད།  མཚོ་སྔོན་ཞིང་ཆེན་མ་བུ་བདེ་སྲུང་སྨན་ཁང་གི་འགོ་གཙོ་གཞོན་པ་ལི་ཆིང་དབྱི་ཡིས་འདི་སྐད།  ནད་དེ་ཕོག་པའི་བྱིས་པ་ཁག་ཅིག་རྒྱུ་རྐྱེན་གང་མང་གི་དབང་གིས་དུས་ཐོག་ཏུ་ནད་བཅོས་ཐུབ་མེད་ལ། དེ་ལས་ཀྱང་མང་ཤོས་ཤིག་དཔལ་འབྱོར་ཀྱི་འཁོས་ཀ་ཞན་པའི་དབང་གིས་སྨན་བཅོས་མི་བྱེད་པའམ་སྨན་བཅོས་ཀྱི་རྒྱུན་བསྐྱངས་ཐུབ་ཀྱི་མེད་པ་རེད།2016ལོར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རང་རེའི་ཞིང་ཆེན་གྱི་ས་ཁུལ་དབུལ་པོའི་པིན་པིང་ཐུང་གཅིན་དུག་ནད་བཅོས་སྐྱོབ་རྣམ་གྲངས་དེ་མཚོ་སྔོན་ཞིང་ཆེན་གྱི་སྤྱི་གཞུང་འཕྲོད་བསྟེན་གྱི་རྣམ་གྲངས་གལ་ཆེན་ཁྲོད་བླངས་ཏེ། ལོ་རེར་པིན་པིང་ཐུང་གཅིན་དུག་ནད་སྨན་བཅོས་ཐད་སྒོར་ཁྲི50ཡི་ཆེད་དོན་མ་དངུལ་སྤྲད་ཡོད་པས། ནད་དེ་ཕོག་པའི་བྱིས་པའི་ཁྱིམ་ཚང་གི་དཔལ་འབྱོར་འཁུར་པོ་ཚད་ངེས་ཅན་ནས་ཇེ་ཡང་དུ་བཏང་ཡོད་པ་རེད།  

ཞར་བཀོད།

ཞིང་ཆེན་འཕྲོད་བསྟེན་འཆར་སྐྱེས་ཨུ་ལྷན་གྱིས་ཞིབ་འཇུག་བརྒྱུད། 2018ལོ་ནས་བཟུང་སྟེ་རང་རེའི་ཞིང་ཆེན་གྱི་སྤྱི་གཞུང་འཕྲོད་བསྟེན་གྱི་རྣམ་གྲངས་གལ་ཆེའི་གྲས་སུ་བླངས་ཡོད་པའི་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་དབུལ་པོའི་པིན་པིང་ཐུང་གཅིན་དུག་ནད་ཡོད་པའི་ཁྱིམ་ཚང་བཅོས་སྐྱོབ་ལ་དོ་དམ་ནན་མོ་བྱ་རྒྱུ་ཐག་བཅད་ཅིང་། དེ་ལས2018ལོའི་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་དབུལ་པོའི་ནད་པར་བཅོས་སྐྱོབ་རྣམ་གྲངས་ཀྱི་བཅོས་སྐྱོབ་ཆ་རྐྱེན་ནི་གཤམ་གསལ།

དང་པོ།  བཅོས་སྐྱོབ་བྱ་ཡུལ།

 1.མཚོ་སྔོན་ཞིང་ཆེན་གྱི་ཐེམ་ཐོ་ཡིན་པའི་བྱིས་པ།

 2.ཚད་ལྡན་གྱི་བཅོས་ཐབས་ལ་བསྟེན་པར་མོས་མཐུན་ཡོད་པའི་མི་ཚད་དུས་གཏན་འཁེལ་ནང་ནད་གཞི་ཚོད་འཛིན་ཐད་ལྟ་ཞིབ་བྱེད་རྒྱུ་རྒྱུན་འཁྱོངས་ཐུབ་མཁན་རྣམས་ཡིན།  

གཉིས་པ།  བཅོས་སྐྱོབ་རྩ་དོན།

རང་མོས་ཀྱི་རྩ་དོན་ཡིན(  ནད་དེ་ཕོག་པའི་བྱིས་པའམ་ཁྱིམ་བདག་གིས་རང་མོས་རང་འཐད་ཀྱི་ངོས་རེ་ཞུ་བྱེད་དགོས)།

གསུམ་པ།  བཅོས་སྐྱོབ་ཀྱི་ནད།

1.པིན་པིང་ཨན་སྐྱུར་ཁྲག་གི་ནད་ལ་རིགས་བཞི་ཡོད་དེ།

2.པིན་པིང་ཐུང་གཅིན་དུག་ནད།

3.པིན་པིང་ཨན་སྐྱུར་ཆིང་འགྱུར་མའེ་ཆད་པའི་ནད།

4.ཆིང་བཞི་སྐྱེ་དངོས་ཐིར་རོན་འདྲེས་གྲུབ་མའེ་ཆད་པའི་ནད།

5.ཆིང་བཞི་ཐིར་རོན་སོར་ཆུད་མའེ་ཆད་པའི་ནད།

བཞི་བ།  རེ་ཞུ་ལ་དགོས་པའི་རྒྱུ་ཆ།

1.ཁྱིམ་བདག་གིས་རེ་བ་ཞུས་ཏེ་རེ་ཞུའི་རེའུ་མིག་བསྐང་དགོས།

2.རེ་ཞུ་པས་ས་གནས་རང་གི་ཐེམ་ཐོ་དཔང་ཡིག་མཁོ་འདོན་བྱེད་དགོས།

3.ལྟ་སྐྱོང་པའི་ཐེམ་ཐོ་འགོད་དེབ་དང་ཐོབ་ཐང་ལག་འཁྱེར་གྱི་མ་ཡིག་དང་དེའི་བསྐྱར་དཔར་རེ་དགོས།

4.སྨན་བཅོས་བྱ་བའི་ཚད་གཞི་དེ་ཁྲག་གི་པིན་པིང་ཨན་སྐྱུར་ཁྲག་ཐང་གི་ཞིབ་བཤེར་ཚད་ལེན་ཐེངས་གྲངས་དེ《བྱིས་པ་དམར་རྗེན་གྱི་ནད་རིགས་འདེམས་བཤེར་ལག་རྩལ་ཚད་གཞི  (2010ལོའི་པར་གཞི)》ཡི་བླང་བྱ་དང་མཐུན་དགོས།

ལྔ་བ།  རེ་ཞུ་བྱེད་ས།

   མཚོ་སྔོན་ཞིང་ཆེན་མ་བུ་བདེ་སྲུང་སྨན་ཁང་ཡིན།

ལོ་ཙཱ་བ། ཁོན་ཐར་འཚོ།