རྨ་ལྷོ་ཁུལ་གྱི་བོད་རིགས་སྒྱུ་རྩལ་པ་གཉིས་ལ་སྐབས་བདུན་པའི“ཀྲུང་གོའི་བཟོ་རྩལ་མཛེས་རིས་མཁན་པོའི”གཟེངས་རྟགས་ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ་སྐབས་བདུན་པའི་ཀྲུང་གོའི་བཟོ་རྩལ་མཛེས་རིས་མཁན་པོའི་དཔྱད་འདེམས་མཇུག་འབྲས་ཕྱིར་བསྒྲགས་བྱས་ཤིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ཁུལ་མི་འདྲ་བ31གི་འགྲན་ཞུགས་མི་སྣ201གི་ཁྲོད་ནས་ཁྱོན་བསྡོམས་མི་གྲངས90ལྷག་དཔྱད་འདེམས་ཁྲོད་ཚུད་པ་དང་། དེའི་ཁྲོད་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་འོས་སྦྱོར་རེ་འདུན་སྙན་ཞུ་ཕུལ་བའི།  རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རྒྱུན་འཛིན་པ་དང “འཛམ་གླིང་ཕུལ་བྱུང་མི་སྣའི་མཚན་སྙན”ཐོབ་པའི་མི་སྣ་གྲགས་ཅན་ཤ་བོ་སྐྱབས་དང་། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་པ་དང་རྒྱུན་འཛིན་པ་བློ་བཟང་བསྟན་པ་གཉིས། ཐེངས་འདིའི་དཔྱད་འདེམས་ཁྲོད་བདམས་ཐོན་བྱུང་ཞིང“ཀྲུང་གོའི་བཟོ་རྩལ་མཛེས་རིས་མཁན་པོའི”མཚན་སྙན་ཐོབ་པ་རེད།

“ཀྲུང་གོའི་བཟོ་རྩལ་མཛེས་རིས་མཁན་པོ”ནི་རང་རྒྱལ་གྱི་བཟོ་རྩལ་མཛེས་རིས་ལས་རིགས་ཁྲོད་ཀྱི་ཆེས་མཐོའི་མཚན་སྙན་ཤིག་སྟེ། དཔྱད་འདེམས་དེ་ལོ་ལྔ་རེའི་ནང་དུ་ཐེངས་རེ་སྤེལ་བཞིན་ཡོད། ཀྲུང་གོའི་བཟོ་རྩལ་མཛེས་རིས་ལས་རིགས་ཁྲོད་ཨོ་ལན་ཕེ་ཁུ་ལྟ་བུའི་མཚན་སྙན་ཡོད་ལ། དེ་ལས་ཀྱང་རྒྱལ་ནང་དུ་བཟོ་རྩལ་མཛེས་རིས་ལས་རིགས་ཀྱི་ཆེས་མཐོའི་མཚན་སྙན་དུ་ཡང་བརྗོད། དཔྱད་འདེམས་བྱ་འགུལ་དེ་ལག་བསྟར་བྱས་པ་ནས་བཟུང་རྨ་ལྷོ་ཁུལ་གྱི་ཤ་བོ་ཚེ་རིང་དང་ཆོས་རྒྱལ། ཕྱག་རྡོར། གདུགས་དཀར། སྙིང་འབུམ་སོགས་དམངས་ཁྲོད་སྒྱུ་རྩལ་མི་སྣ6ལ་སྔ་ཕྱིར“ཀྲུང་གོའི་བཟོ་རྩལ་མཛེས་རིས་མཁན་པོའི”གཟི་བརྗིད་མཚན་སྙན་ཐོབ་པ་དང་། རྨ་ལྷོ་ཁུལ་ནི་ནུབ་བྱང་ས་ཆའི“ཀྲུང་གོའི་བཟོ་རྩལ་མཛེས་རིས་མཁན་པོ”དང་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་མི་སྣ་དང་རྒྱུན་འཛིན་པ་ཆེས་མང་སའི་ས་ཁུལ་དུ་ཡང་གྱུར་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།