མཚོ་ལྷོ་ཁུལ་གྱིས“བྱེ་ཐང་ཆེན་པོ་གསུམ”གྱི་བྱེ་འགོག་བཅོས་སྐྱོང་བྱ་བར་མུ་མཐུད་དུ་ཤུགས་སྣོན་བརྒྱབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ལོ་འདི་དག་གི་རིང་ལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དུས་ནམ་ཡང“ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པར་སྐུལ་འདེད ”བྱེད་པ་དེ། ཆབ་སྲིད་ཀྱི་འགན་འཁྲི་གཙོ་བོར་བཟུང་ནས་ཤུགས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་དེ། སྐྱེ་ཁམས་ཐད་ཀྱི་ཁུལ་འཛུགས་བསྐྲུན་བྱེད་པའི་འཐབ་ཇུས་གལ་ཆེན་དུ་བཟུང་ནས་དོན་དངོས་ལག་བསྟར་དངོས་འབབ་བྱས་པ་དང་། “བྱེ་ཐང་ཆེན་པོ་གསུམ”(གསེར་ཆེན་རྫོང་གི་ཐར་ལ་བྱེ་ཐང་དང་ཆོས་རྗེ་བྱེ་ཐང་། མང་རྫོང་གི་མུ་གེ་ཐང)ས་ཁུལ་གསུམ་དུ་བྱེ་འགོག་བྱེ་བཅོས་བྱ་བ་ལེགས་པོར་བསྒྲུབས་པ་དང་སྡོང་འཛུགས་དང་གཏན་འགོག ལྗང་མྱུག་གསོ་སྐྱོང་བྱེད་པ། སྲུང་སྐྱོབ་བྱེད་པ། བྱེ་འགོག ཞིང་ས་བཟོ་བ། ཡུར་ཆུ་གཏོང་བ། ནགས་འཛུགས་སོགས་སྣ་འཛོམས་བཅོས་སྐྱོང་གི་བྱེད་ཐབས་ནུས་ལྡན་སྤྱད་དེ། ཁུལ་ཡོངས་ཀྱི་སྐྱེ་ཁམས་འཛུགས་བསྐྲུན་ཐད་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”སྐབས་ནས་བཟུང་། ཁུལ་ཡོངས་སུ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར1.2བཏང་སྟེ་བྱེ་འགོག་བཅོས་སྐྱོང་སྤྱི་ཆིངས་ཁྲི6ཡོངས་འགྲུབ་བྱས་ཤིང་། བྱེ་འགོག་སྡོང་འཛུགས་རྩྭ་བསྒྱུར་སྤྱི་ཆིངས་ཁྲི4.6དང་བྱེ་ཁུལ་སྲ་བརྟན་དང་བྱེ་གནོན་སྤྱི་ཆིང1000ཡོངས་འགྲུབ་བྱས་ཡོད།

བྱེ་འགོག་བྱེ་བཅོས་བྱ་བའི་ཁྲོད་མཚོ་ལྷོ་ཁུལ་གྱིས་བྱེ་ཐང་ཅན་གྱི་ས་ཁུལ་བཀག་སྡོམ་སྲུང་སྐྱོབ་ས་ཁུལ་དུ་བྱས་ཤིང་། ས་སྤྱི་ཆིང139300གཏན་འགོག་བྱས་པ་དང་ལྕགས་དྲ་སྤྱི་ལེ265.03འཐེན་ནས་བྱེ་འགོག་བྱེ་གནོན་གྱི་སྐྱེ་ཁམས་བཅོས་སྐྱོང་སྤྱི་ཆིངས713ལག་བསྟར་བྱས་ཏེ། མིའི་རྩོལ་བས་རང་བྱུང་སླར་གསོ་བྱུང་ཚད་སྤྱི་ཆིངས200དང་འཛུགས་བསྐྲུན་སྐོར་ཞིབ་གཞུང་ལམ་སྤྱི་ལེ10ལ་བུད་ཡོད། དེ་དང་ཆབས་ཅིག་ཏུ་གསེར་ཆེན་རྫོང་དང་མང་རྫོང་གཉིས་ཀྱིས་རྒྱལ་ཡོངས་ཀྱི་བྱེ་འགོག་སྣ་འཛོམས་དཔེར་མཚོན་ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་བྱ་བར་མུ་མཐུད་དུ་ཤུགས་སྣོན་བྱས་ཡོད། རྫོང་གཉིས་ཀྱིས་རྣམ་པ་གསར་ཞིང་ཁྱབ་རྒྱ་ཆེ་བ། བཅོས་སྒྱུར་འཛུགས་བསྐྲུན་རྣམ་གྲངས་ཡོད་ཚད་ཁོར་ཡུག་གི་ཤུགས་རྐྱེན་དཔྱད་འཇོག་དཔྱད་འདེམས་ཁྲོད་བཞག་པ་དང་འདེམས་པ་མི་ལེགས་པ་དང་རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་དང་མི་འཚམ་པའི་རྣམ་གྲངས་གཅིག་ཀྱང་ལག་བསྟར་མ་བྱས་པ་རེད།

དེ་ལས་གཞན“བྱེ་ཐང་ཆེན་པོ་གསུམ”གྱི་སྐྱེ་ཁམས་བཅོས་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ལ་ཟུང་འབྲེལ་བྱེད་པར་ཤུགས་སྣོན་བྱས་པ། ཐར་ལ་བྱེ་ཐང་དང་ཆོས་རྗེ་བྱེ་ཐང་སོགས་སུ་འཆར་འགོད་འཛུགས་སྐྲུན་ལྟར་མཚོ་ལྷོ་ཁུལ་གྱི་ཉི་འོད་ནུས་པའི་གློག་འདོན་དང་མཚོ་ལྷོ་ཆོས་རྗེས་རླུང་འཁོར་གློག་འདོན་ར་བ་བཙུགས། མ་འོངས་པ་ན་ཉི་འོད་ནུས་པའི་གློག་འདོན་ར་བ་དེ་སྐྱེ་ཁམས་ལྗང་བསྒྱུར་ཅན་ལ་འགྱུར་བར་སྐུལ་འདེད་བྱེད་ཆེད། ཁྱོན་བསྡོམས་མ་དངུལ་སྒོར་ཁྲི3437བཏང་སྟེ་འཛུགས་སྐྲུན་གླིང་ཁུལ་དུ་རླུང་འགོག་ནགས་འཛུགས་སྤྱི་ལེ134དང་སྤྱི་ཆིངས417ལ་སླེབས་ཏེ། སྡོང་ཕྲུག་རིགས་མི་འདྲ་བ་ཁྲི104ཡི་མྱུ་གུ་འདེབས་འཛུགས་བྱས། འོད་ནུས་གློག་འདོན་ཤེལ་ལེབ་གྱི་སྒྲོམ་གཞིའི་མཐོ་ཚད་རྨིད1.2གྱི་ཡན་ལ་སླེབས་སུ་བཅུག་ཞིང་། དེ་མིན་རྩི་ཤིང་འདེབས་འཛུགས་དང་ཕུལ་བྱུང་འབྲོག་ལས་ས་ཁུལ་དུ་གྱུར་ཏེ། ཉི་འོད་ནུས་པའི་ཐོན་ལས་མངོན་འགྱུར་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་སྐྱེ་ལྡན་ལ་ཟུང་འབྲེལ་བྱས་ཡོད། ཁུལ་ཡོངས་ཀྱི་གནད་འཁེལ་དབུལ་སྐྱོར་དང་གནད་འཁེལ་དབུལ་ཐར་བྱ་བར་འབྲེལ་བ་དམ་སྦྲེལ་གྱིས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཕུལ་བྱུང་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་ཁྱད་ལྡན་གྱི་ཚོང་རྟགས་འཛུགས་པ་གཙོ་གནད་དུ་བཟུང་ནས་ཁེ་ལས་ཀྱི་འགོ་ཁུངས་དང་ཆེད་གཉེར་མཉམ་ལས་ཁང་གི་ངོ་བོར་སྦྲེལ་ནས་བྱེ་ཁུལ་གྱི་སྐྱེ་ལྡན་འཕང་འབྲས་འདེབས་འཛུགས་རྟེན་གཞིའི་འཛུགས་བསྐྲུན་ལ་སྐུལ་འདེད་བྱེད་པར་ཤུགས་བསྣན་ནས2017ལོའི་ལོ་མཇུག་བར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར3.2བཏང་ནས་སྤྱི་ཆིངས4000ལྷག་ལ་འཕང་འབྲས་འདེབས་འཛུགས་བྱེད་པ་ལེགས་འགྲུབ་བྱུང་ཡོད།

ཆེད་དུ་གླེང་རིན་ཡོད་པ་ཞིག་ལ། མཚོ་ལྷོ་ཁུལ་གྱིས་འཆར་གཞི་བརྩོན་ལེན་གྱིས“བྱེ་ཐང་ཆེན་པོ་གསུམ”ལ་ཆུ་འདྲེན་སྐྱེ་ཁམས་སྣ་འཛོམས་བཅོས་སྐྱོང་བཟོ་སྐྲུན་ལག་བསྟར་བྱས་ཤིང་། བཟོ་སྐྲུན་དེས་ཆུའི་འགོ་ཁུངས་ཀྱི་གནད་དོན་དེ་ཐག་གཅོད་བྱས་པ་མ་ཟད། སྐྱེ་ཁམས་བཅོས་སྐྱོང་དང་ཡུར་ལམ་ས་ཁུལ་འཛུགས་བསྐྲུན་བྱེད་པ། ཆུ་འགོའི་བཟོ་སྐྲུན་སོགས་ཀྱི་བྱེད་ཐབས་མང་པོ་ཞིག་སྣ་འཛོམས་བཅོས་སྐྱོང་བྱས་ཤིང་། མཇུག་མཐར་གཙང་གསུམ་འབྱུང་ཡུལ་ས་ཁུལ་དང་ས་སེར་མཐོ་སྒང་ས་ཁུལ་གྱི་སྐྱེ་ཁམས་སྒྲིབ་ཡོལ་གསར་འཛུགས་བྱས། དེ་དང་ཆབས་ཅིག་ཏུ“བྱེ་ཐང་ཆེན་པོ་གསུམ”གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་ཆུ་བེད་འགན་བཅོལ་འདོན་སྤྲོད་བྱས། ད་ལྟའི་ཆར་བཟོ་སྐྲུན་དེ《རྒྱལ་ཡོངས་ཆུ་བེད་བཅོས་སྒྱུར་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད》དང《ནུབ་རྒྱུད་གསར་སྤེལ་གྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད》《མཚོ་སྔོན་ཞིང་ཆེན་གྱི་ཆུ་བེད་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད》བཅས་ཀྱི་གྲས་སུ་ཚུད་ཡོད། མཚོ་ལྷོ་ཁུལ་གྱིས“བྱེ་ཐང་ཆེན་པོ་གསུམ”ལ་ཆུ་འདྲེན་སྐྱེ་ཁམས་སྣ་འཛོམས་བཅོས་སྐྱོང་བཟོ་སྐྲུན་འཛུགས་བསྐྲུན་དོ་དམ་ཅུའུ་བཙུགས་པ་དང་ཐོག་མའི་དུས་ཡུན་གྱི་དུས་སྔོན་མའི་བྱ་བ་དེ་ལེགས་འགྲུབ་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།