མཚོ་སྔོན་གྱི་ཚོང་རྫས་དག་མི་འགྱངས་བར་ཤང་ཀང་གི“ཚོང་འདུས་ཆེན་མོའི”སྟེང་འགྲེམས་སྟོན་བྱེད་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། མཚོ་སྔོན་དང་ཤང་ཀང་ས་ཁུལ་གཉིས་ཀྱི་ཉོ་འཚོང་བརྗེ་རེས་དང་མཉམ་འབྲེལ་བྱ་བར་སྔར་ལས་ཤུགས་སྣོན་བྱེད་པ་དང་། ཤང་ཀང་འཛད་སྤྱོད་མཁན་གྱིས་མཚོ་སྔོན་གྱི་ཐོན་རྫས་ངོས་ལེན་བྱེད་པའི་ཚད་གཞི་མཐོར་འདེགས་སུ་གཏོང་ཆེད། རང་ཞིང་གིས་མུ་མཐུད་དུ་རྩ་འཛུགས་ཚོགས་པ་དག་ཟླ8པའི་ཚེས16ཉིན་ནས་ཟླ8པའི་ཚེས20ཉིན་སྤེལ་བཞིན་པའི་ཤང་ཀང་གི་ཟས་མཆོག་འགྲེམས་སྟོན་གྲོས་ཚོགས་སྟེང་ཞུགས་རྒྱུ་ཡིན་ལ། དེར་མ་ཟད་ཐེངས་འདིའི་འགྲེམས་སྟོན་སྟེགས་བུ་བརྒྱུད་མཚོ་སྔོན་གྱི་ཚོང་རྫས་ཀུན་འདུས་སྐབས་བཅུ་དྲུག་པའི་བྱེད་སྒོ་ཡང་སྤེལ་རྒྱུ་ཡིན་པ་རེད།

རྒྱུས་ལོན་བྱས་པ་ལས་ཤེས་གསལ་ལྟར་ན། ཤང་ཀང་ལ་དམིགས་གསལ་གྱི་ས་བབ་ཁྱད་ཆོས་ལྡན་ཞིང་ནང་ལོགས་དང་འཛམ་གླིང་ས་ཁུལ་སོ་སོའི་ཉོ་འཚོང་མཉམ་འབྲེལ་སོགས་ཀྱི་ཐད་ལ་ཟམ་གདོང་རང་བཞིན་དང་སྐ་རགས་རང་བཞིན་གྱི་བྱེད་ནུས་གལ་ཆེན་ཐོན་ཡོད། ལོ་རེར་ཐེངས་རེ་སྤེལ་བཞིན་པའི་ཤང་ཀང་ཟས་མཆོག་འགྲེམས་སྟོན་གྲོས་ཚོགས་ནི་ཡ་གླིང་གི་ཆེས་ཆེ་བའི་ཟས་མཆོག་འགྲེམས་སྟོན་གྲོས་ཚོགས་ཤིག་ཡིན་ལ། ཟས་མཆོག་ལས་རིགས་ཁྲོད་ཀྱི་ལོ་རེའི་གསོལ་སྟོན་གྲོས་ཚོགས་གལ་ཆེན་ཞིག་ཀྱང་ཡིན། ཐེངས་འདིའི་སྟེགས་བུ་བརྒྱུད2018ལོར་ཤང་ཀང་དུ“མཚོ་སྔོན་གྱི་ཚོང་འདུས་ཆེན་མོའི”བྱེད་སྒོ་ཡང་སྤེལ་རྒྱུ་ཡིན་ལ། རང་ཞིང་གི་ཚོང་དོན་སྡེ་ཁག་གིས་ནང་ལོགས་དང་ཕྱི་རོལ་གྱི་ཚོང་ར། ཐོན་ཁུངས་རིགས་མི་འདྲ་བ་གཉིས་ལ་བརྟེན་ནས་ཧུར་ཐག་སྒོས་ཕྱི་ནང་གི་ཉོ་འཚོང་མཉམ་བསྲེས་འཕེལ་རྒྱས་སུ་གཏོང་བར་ཧུར་ཐག་གིས་སྐུལ་འདེད་བྱས་ཤིང་། འཛད་སྤྱོད་ཀྱི་རིམ་འཕར་ལ་སྐུལ་འདེད་བྱས་ཏེ་ཞིང་ཆེན་ཕྱི་ནང་གི་ཁེ་ལས་ཐོན་ལས་ཀྱི་མཐུད་སྦྲེལ་དེ་ཡུན་བསྲིངས་བྱེད་པར་རོགས་རམ་བྱས། མངའ་ཁོངས་ཕྱི་ནང་གི་བྱེད་ཐབས་གལ་ཆེན་དར་སྤེལ་དུ་གཏོང་རྒྱུ་ནི་རང་ཞིང་གི་ད་ལོའི་ཉོ་འཚོང་བྱེད་སྒོ་གལ་ཆེན་ཁྲོད་ཀྱི་གཅིག་ཡིན་ལ། མཚོ་སྔོན་ས་ཁུལ་གྱི་མིང་དུ་གྲགས་པའི་ཚོང་རྫས་གསར་བའི་མཚན་སྙན་གྱི་ཚད་གཞི་མཐོར་འདེགས་སུ་བཏང་བ་བརྒྱུད་མཚོ་སྔོན་གྱི་ཐོན་རྫས་དག་གིས་ཤང་ཀང་གི་ཁྲོམ་རའི་ཟིན་ཚད་སྲ་བརྟན་དུ་གཏོང་དགོས་ཤིང་། གོམ་གང་མདུན་སྤོས་སྒོས་ས་ཁུལ་གཉིས་ཀྱི་ཉོ་འཚོང་བརྗེ་རེས་དང་མཉམ་འབྲེལ་སོགས་ཀྱི་ཐད་ལ་ཧུར་ཐག་གིས་སྐུལ་འདེད་བྱ་རྒྱུ་ཡིན་པ་རེད།

ངོ་སྤྲོད་བྱས་པ་བརྒྱུད་ཐེངས་འདིའི་བྱ་འགུལ་ལ་ཚད་ལྡན་གྱི་འགྲེམས་སྟོན་གོ་གནས30གསར་འཛུགས་བྱས་ཡོད་ལ། ཡུལ་དངོས་སུ་མཚོ་སྔོན་གྱི་མིང་དུ་གྲགས་པའི་ཚོང་རྫས་གསར་བ་འགྲེམས་སྟོན་ཕྱིར་འཚོང་བྱེད་པ་དང་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་དེ་གཙོ་བོར་བཟུང་ཡོད། དཔེར་ན་དབྱར་རྩྭ་དགུན་འབུ་དང་སྦྲང་རྩིའི་ཐོན་རྫས། འཕང་འབྲས་སོགས་མཚོ་སྔོན་ས་ཁུལ་གྱི་ས་གནས་ཁྱད་ཐོན་ཐོན་རྫས་གྲགས་ཅན། སྐམ་ལུག་ཤའི་ཐོན་རྫས་དང་འོ་བཟོས་ཐོན་རྫས། བཏུང་ཆུ་དང་ཆང་གི་རིགས། སྐྱེ་དངོས་ཐོན་རྫས་སོགས། སྨན་རྫས་དང་ཟས་རིགས་སིལ་འཚོང་། ཟས་རིགས་ཐུམ་འཇུག་སྟབས་བདེ་སོགས་ཀྱང་ཡོད།

ཐེངས་འདིའི་བྱ་འགུལ་འཆར་གཞི་དེས་ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་རིགས60ལྷག་རྩ་འཛུགས་ཀྱིས་འགྲེམས་སྟོན་ཁྲོད་ཟབ་ཞུགས་བྱས་ཡོད་ལ། དེའི་ཁྲོད་ཟི་ལིང་གྲོང་ཁྱེར་གྱི་ཁེ་ལས25དང་མཚོ་ཤར་གྲོང་ཁྱེར་གྱི་ཁེ་ལས15 མཚོ་བྱང་ཁུལ་གྱི་ཁེ་ལས10 མཚོ་ནུབ་དང་མཚོ་ལྷོ།  རྨ་ལྷོ། ཡུལ་ཤུལ། མགོ་ལོག་བཅས་ཀྱི་ཁེ་ལས2རེ་ཞུགས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།