སྐུ་འབུམ་བྱམས་པ་གླིང་གིས་རྒྱ་ཆེའི་ཡུལ་སྐོར་བ་རྣམས་ལ་འཛེམ་བྱ་ཁག་བཅུ་བཏོན།

སྐུ་འབུམ་བྱམས་པ་གླིང་གིས་ཡུལ་སྐོར་བ་རྣམས་ལ་འཛེམ་བྱ་ཁག་གསལ་འདེབས་ཞུ་རྒྱུ།

གུས་ཤིང་བརྩེ་བའི་ཡུལ་སྐོར་བ་རྣམས་དང་སྐུ་འབུམ་དགོན་གྱི་སྣེ་ཤན་ཞབས་ཞུ་ལྟེ་གནས་དང་ཡུལ་སྐོར་ལས་དོན་ཁང་རྣམས་ལ།

སྐུ་འབུམ་དགོན་ནི་རྒྱལ་བ་གཉིས་པ་རྗེ་ཙོང་བ་ཆེན་མོའི་འཁྲུངས་ཡུལ་ཡིན་ཞིང་།  བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ངུར་སྨུག་འཛིན་པ་རྣམས་ཀྱི་ཐོས་བསམ་སྒོམ་གསུམ་ལ་བརྩེ་གཅིག་ཏུ་གཞོལ་སའི་གདན་ས་དང་། མར་གྱུར་སེམས་ཅན་ཐམས་ཅད་ཉོན་མོངས་ཀྱི་རྒྱུ་ལས་ཐར་བར་ལམ་སྟོན་དང་། རྣམ་པར་དག་པའི་ཞིང་དུ་འདྲེན་པར་བྱེད་པའི་དག་ཞིང་ལྟ་བུ་ཡིན་པས།  སངས་རྒྱས་ཆོས་དགེ་འདུན་གསུམ་ལ་བཀུར་བསྟི་གཙང་མ་དང་། མི་རིགས་རིག་གནས་ཀྱི་ཤུལ་བཞག་ལ་སྲུང་སྐྱོང་།  ཡུལ་སྐོར་གྱི་སྤྱི་གཞུང་སྒྲིག་ལམ་ལ་བརྩི་སྲུང་། ཁོར་ཡུག་ལ་སྲུང་སྐྱོང་དང་། འཕྲོད་བསྟེན་ལ་དང་དོད་བཅས་བྱས་ནས་ཡ་རབས་ཚུལ་ལྡན་ཀྱི་ངང་ནས་ཡུལ་སྐོར་བྱེད་ཅིང་། ར་རོའི་དྲི་མས་མ་སྦགས་པར་འཆམ་ཞིང་མཐུན་པའི་གནས་གཙང་མ་མཆོག་ཏུ་གྱུར་བ་ཞིག་བསྐྲུན་ཕྱིར་དུ། འཛེམ་བྱ་བཅུ་དམིགས་སུ་གཏན་ལ་ཕབ་ཡོད་པ་འདི་ལྟར།
  

གཅིག     རྐང་ཐུང་དང་སྨད་གཡོག་ཐུང་ངུ་སོགས་གོན་པ་ཆོ་རིགས་གོན་ནས་དགོན་ནང་ལྟ་སྐོར་དུ་ཡོང་མི་ཆོག

གཉིས།    དགོན་ནང་དུ་བ་འཐེན་ཞོར་དང་ཨ་རག་འཐུང་ནས་ཡོང་མི་ཆོག  

གསུམ།     ཚོགས་ཆེན་འདུ་ཁང་ནང་གི་ལྷ་སྐུ་དང་མཆོད་རྫས། མཆོད་ཆས་ལ་གང་འདོད་དུ་རེག་མི་ཆོག

 བཞི།    གྲྭ་མང་གིས་ཚོགས་འདོན་པ་དང་། ཆོས་རྩོད་ལ་སོགས་པའི་སྐབས་སུ་འུར་རྒྱག་མི་ཆོག

  ལྔ།     མཆོད་རྟེན་ཐོག་འཛེགས་མི་ཆོག  ཆོས་དར་དང་རླུང་རྟ་སོགས་ནང་ཆོས་ཀྱི་མཚོན་རྟགས་ཐོག་རྡོག་བརྫུས་སམ་རྐང་བཅག་བྱས་མི་ཆོག  བསང་ཁུང་དུ་མི་གཙང་བའི་རྫས་འཇོག་མི་ཆོག

  དྲུག   མཆོད་རྟེན་སོགས་ལ་ཕྱག་སྐོར་དུ་འགྲོ་དུས་གཡས་བསྐོར་ལས་གཡོན་བསྐོར་བརྒྱབ་མི་ཆོག

བདུན།  གྲྭ་བ་དང་ཕྱག་འཚལ་བའི་འཇལ་བ། མི་ཎི་བསྐོར་མཁན་རྣམས་ལ་གཏད་དེ་པར་རྒྱག་མི་ཆོག

བརྒྱད།  ཁྱིམ་དུ་གསོས་ཡོད་པའི་ཁྱི་ལ་སོགས་དུད་འགྲོའི་རིགས་དགོན་ནང་དུ་འཁྲིད་ཡོང་མི་ཆོག

  དགུ།  གང་བྱུང་དུ་ཡར་རྐོ་མར་འབྲི་བྱེད་མི་ཆོག ལུད་པ་དང་གད་སྙིགས་གང་སར་འཕེན་མི་ཆོག

  བཅུ།  མི་རིགས་མཐུན་སྒྲིལ་ལ་གནོད་ཅིང་། ཆོས་ལུགས་འཆམ་མཐུན་དང་འགལ་བའི་བགྲོ་གླེང་སྤེལ་མི་ཆོག

སྐུ་འབུམ་དགོན་པའི་དོ་དམ་ཨུ་ལྷན་གྱིས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཡང་བསྐྱར་གསལ་འདེབས་ཚུལ་དུ་ཞུ་རྒྱུ་ཞིག་ལ། གལ་སྲིད་གོང་གསལ་གྱི་སྲུང་བྱའི་དོན་ཚན་དག་དང་འགལ་ནས་གྱོད་སྣ་ཁ་མཆུ་ལ་ཐུག་ན་ངན་འབྲས་སོ་སོ་རང་ནས་འཁུར་དགོས། ཡུལ་སྐོར་ཚོགས་པའི་ཕྱོགས་ཀྱི་འགན་དེ་སྐུ་འབུམ་དགོན་པོའི་སྣེ་ཤན་ཞབས་ཞུ་ལྟེ་གནས་དང་ཡུལ་སྐོར་ལས་དོན་ཁང་རྣམས་ཀྱི་ཡུལ་སྐོར་ཚོགས་པའི་སྣེ་འཁྲིད་མཁན་སྣེ་ཤན་པས་འགན་ཡོངས་སུ་འཁུར་དགོས།

   ཞེས་སྐུ་འབུམ་དགོན་པའི་དོ་དམ་ཨུ་ལྷན་ནས།

2018ལོའི་ཟླ3པའི་ཚེས21ཉིན་ལ།



 

ལོ་ཙཱ་བ། ཁོན་ཐར་འཚོ།