མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར9.1བཏང་སྟེ་ཞིང་རྨོར་འགན་སྲུང་བྱས་པ།

ད་སྔ་ཞིང་ཆེན་ཡོངས་ཀྱི་དཔྱིད་རྨོ་ཐོན་སྐྱེད་ཕྱོགས་ཡོངས་ནས་འགོ་ཚུགས་པ་དང་།ཞིང་རྨོ་བ་དང་དེའི་གྲ་སྒྲིག་གི་བྱ་བ་འགོར་འགྱངས་མི་བྱེད་པའི་ཕྱིར། ཞིང་ཆེན་ནོར་སྲིད་ཀྱིས་སྔོན་ལ་ནོར་སྲིད་ཀྱི་ཞིང་ལས་ཐད་རྒྱབ་སྐྱོར་བྱེད་པའི་ཆེད་སྤྱོད་མ་དངུལ་དུང་ཕྱུར9.1བཏང་སྟེ། ཧུར་ཐག་གིས་ཁྱོན་ཡོངས་ནས་དཔྱིད་རྨོ་གྲ་སྒྲིག་གི་ལས་ཀའི་ཐད་མ་དངུལ་གྱི་འགན་སྲུང་མཁོ་འདོན་བྱས།

ད་སྔ་ཞིང་ཆེན་ནོར་སྲིད་ཐིན་གྱིས་ཞིང་པའི་སོན་འདེབས་ཀྱི་ཧུར་སེམས་ལ་རྒྱབ་སྐྱོར་བྱས་ནས་བརྟན་ལྷིང་ཡོང་བར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སོན་འདེབས་ཀྱི་ཞིང་པར་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་པ་དང་། རོགས་སྐྱོར་ཁ་གསབ་ཀྱི་ཚད་གཞི་ལྟར་མུའུ་རེར་སྒོར100ཡིན་ལ། སྔོན་ལ་རྨོ་ཞིང་གི་ས་བཅུད་སྲུང་སྐྱོང་གི་ཁ་གསབ་མ་དངུལ་བསྡོམས་པའི་སྒོར་དུང་ཕྱུར6.4བཏང་སྟེ།  ཁ་གསབ་ཀྱི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི640 ཟིན་ཡོད། རོང་འབྲོག་པའི་ཞིང་ལས་འཕྲུལ་ཆས་ཉོ་བསྒྲུབ་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ཞིང་ཕྱུགས་ལས་འཕྲུལ་ཆས་ཉོ་བསྒྲུབ་ཀྱིས་ཞིང་པའི་ཁྱིམ་ཚང་དང་མཉམ་ལས་རྩ་འཛུགས་ལ་ཁ་གསབ་ཀྱི་དཀར་ཆག་དང་འཕྲུལ་ཆས་རིགས་ལྟར་ཁ་གསབ་པ་དང་། སྔོན་ལ་ཞིང་འཕྲུལ་ཉོ་བསྒྲུབ་ཁ་གསབ་ཀྱི་མ་དངུལ་བསྡོམས་པའི་དུང་ཕྱུར0.65 བཀོད་སྒྲིག་བྱས་ཡོད་པ་རེད། ས་ཞིང་ཐོན་འབབ་རྒྱབ་སྐྱོར་དང་། དཔྱིད་ཀར་འགྱིག་ཤོག་བཀབ་ནས་བཏབ་པའི་ཞོག་ཁོག་མུའུ་ཁྲི50ལ་ཁ་གསབ་བྱས། ཁ་གསབ་ཚད་གཞི་ལྟར་མུའུ་རེར་སྒོར120 ཡིན་ལ།སྔོན་ལ་དཔྱིད་ཀར་འགྱིག་ཤོག་བཀབ་ནས་ཞོག་ཁོག་འདེབས་ཐད་མ་དངུལ་བསྡོམས་པའི་དུང་ཕྱུར0.6 བཏང་སྟེ།ཞིང་པའི་ཡོང་འབབ་མཐོ་རུ་གཏོང་ཕྱིར་རྨང་གཞི་བཏིང་ཡོད།

བསྡོམས་རྩིས་བྱས་པ་ལྟར་ཞིང་ཆེན་ཡོངས་ཀྱིས་རིགས་འདྲ་མིན་གྱི་ལོ་ཏོག་མུའུ་ཁྲི60 ཡན་བཏབས་ཡོད། སྤྱི་ཡོངས་ནས་བལྟས་ཏེ་ད་ལོའི་ཞིང་རྨོའི་སྒྲིག་ལས་དོན་དེ་བརྟན་ཞིང་ཕན་ནུས་ལྡན་པ་དང་། ཞིང་སྤྱོད་ཐོན་སྐྱེད་རྒྱུ་ཆ་གྲབས་གསོག་འདང་ཞིང་ལག་རྩལ་ཞབས་ཞུའི་སློབ་སྟོན་གནད་ལ་འཁེལ་བ་དང་། དེའི་ཐོག་ས་རྒྱུའི་བཞའ་ཚན་ཅུང་ལེགས་པས། དཔྱིད་འདེབས་ཐོན་སྐྱེད་གོ་རིམ་ལྡན་པ་བྱུང་ཡོད། ཞིང་ལས་གནས་ཚུལ་བཀོད་གཏོང་བྱས་པ་ལྟར། ན་ནིང་སྟོན་ཀར་བཏབ་པའི་མུའུ་ཁྲི17གྱི་དགུན་གྲོ་དེ་སྔོན་པོར་འགྱུར་བཞིན་ཡོད་ལ་སྐྱེ་སྟོབས་བཟང་།