ཝང་ཡུས་པའོ་ཡིས5.12རྒྱལ་སྤྱིའི་ནད་གཡོག་དུས་ཆེན་གྱི་ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་ནད་གཡོག་པ་ཡོངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། སྤྱི་ཟླ5པའི་ཚེས11ཉིན། ཞིང་ཆེན་ཡོངས་ཀྱི5.12རྒྱལ་སྤྱིིའི་ནད་གཡོག་དུས་ཆེན་ལ་རྗེས་དྲན་བྱེད་པའི་ཚོགས་འདུ་དེ་ཞིང་ཆེན་མི་དམངས་སྨན་ཁང་ནས་བསྡུས་པ་རེད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་། ནད་གཡོག་བྱ་བར་གུས་འདུད་དང་སློབ་སྦྱོང་བྱས་ཏེ། ནད་གཡོག་ལས་དོན་གྱིས་མི་དམངས་ཀྱི་བདེ་ཐང་ལ་ཞབས་འདེགས་ཞུ་བར་སྔར་བས་སྐུལ་འདེད་བྱ་རྒྱུའི་སྐོར་ནས་ནན་བཤད་གནང་།

རྗེས་དྲན་ཚོགས་འདུའི་སྟེང་། ནད་གཡོག་ལས་ཀ་གཉེར་ནས་ལོ30འགོར་བའི་ནད་གཡོག་པ་དག་ལ་གཟི་བརྗིད་དཔང་ཡིག་གནང་བ་དང་། གསར་དུ་ལས་ཞུགས་བྱས་པའི་ནད་གཡོག་པ་དག་ལ་གསར་ཞུགས་མཛད་སྒོ་བསྡུས། ཝང་ཡུས་པའོ་ཡིས་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཧྲུའུ་ཅི་ཝང་ཅན་ཅོན་གྱི་ཚབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ནད་གཡོག་པ་ཁྲི2.4ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས། དེ་དང་ཆབས་ཅིག རྒྱལ་སྤྱིའི་ནད་གཡོག་ལས་རིགས་ཁྲོད་ཆེས་མཐོའི་མཚན་སྙན་ཐོབ་པའི་ཀྲའོ་ཧྲིན་ཞིག་དང་། སའོ་ཡུས་མའེ། ཚེ་རིང་ལྷ་མོ་སོགས་དང་ཞིང་ཆེན་ཡོངས་ཀྱི་ནད་གཡོག་ལས་ཀའི་ཁྲོད་བྱས་རྗེས་བཞག་མྱོང་པའི་ནད་གཡོག་པ་དག་ལ་རྟེན་འབྲེལ་ཞུས། ཝང་ཡུས་པའོ་ཡིས་བསྟན་དོན། ནད་གཡོག་པ་ནི་མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་བདེ་སྐྱིད་སྲུང་མཁན་ཡིན་ལ། ཀུན་བྱམས་ཀྱི་བརྩེ་བ་ཟབ་མོས་ནད་པ་རེ་རེ་ལ་བདེ་ཐང་བསྩལ་མྱོང་། སླད་ཕྱིན་ཀྱང་མུ་མཐུད་དུ་དཀའ་སྤྱད་འབད་བརྩོན་དང་། སེམས་རྒྱ་ཡངས་པའི་སྒོ་ནས་ནད་གཡོག་འགན་འཁྲི་ཡིད་ལ་བརྟན་པོར་བཅིངས་ནས། ནད་པ་རྣམས་ལ་བདག་སྐྱོང་བྱེད་པ་དང་། སྤྱི་ཚོགས་ལས་རིགས་ཁག་གིས་ཀྱང་ནད་གཡོག་པའི་ལས་ཀར་བརྩི་འཇོག་དང་རྒྱབ་སྐྱོར་བྱས་ཏེ། ནད་གཡོག་པའི་ལས་དོན་ཟམ་མི་ཆད་པར་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཝང་ཡུས་པའོ་ཡིས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ནད་གཡོག་པ་རྣམས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གི་འཕྲོད་བསྟེན་དང་བདེ་ཐང་བསམ་བློའི་ཁྲིད་སྟོན་འོག སྨན་བཅོས་ལས་དོན་འཕེལ་རྒྱས་སུ་གཏོང་བའི་འགན་འཁྲི་ཡིད་ལ་དམ་པོར་བཅིངས་ནས། པེ་ཆིའུ་ཨེན་ལ་སློབ་སྦྱོང་བྱས་ཏེ། རིགས་སོ་སོའི་མི་དམངས་ཀྱི་བདེ་ཐང་ཐད་ལ་བྱས་རྗེས་དང་ཞབས་འདེགས་ཞུ་དགོས་པའི་ཐད་ནས་ནན་ཀྱིས་བསྟན།

ལོ་ཙཱ་བ། ཀླུ་མོ།