ཟི་ལིང་ལྷོ་རི་དང་བྱང་རི་ནི་མཚོ་སྔོན་ལྗང་སྒྱུར་གྱི་མིང་བྱང་ལྟ་བུ་ཡིན།

ཟི་ལིང་གྲོང་ཁྱེར་རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཁྲང་ཉིང་གྲོང་རྡལ་ཧོང་ཡན་སྡེ་བའི་ཤར་རིའི་ལྗང་སྒྱུར་བྱེད་ས།

ཟླ་ལྔ་པར་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ཁྲང་ཉིང་གྲོང་རྡལ་ཧོང་ཡན་སྡེ་བའི་ཤར་རིར་འཛེག་ཏེ་རི་དེའི་མཐོ་སར་འགྲེང་ནས་འདབས་རོལ་ལ་བལྟས་ན། ཤར་རི་ནི་བར་སྣང་ལ་འཐེན་པའི་ལྗང་མདོག་གི་གནམ་སྐས་དང་འདྲ་བར་རི་འདབས་ནས་རི་རྩེར་དྲངས་འདུག་ཅིང་།སྐས་རིམ་གྱི་སྡོང་ཕྲུག་རྣམས་སྐྱི་བསེར་རླུང་བུའི་རྒྱུ་ཕྱོགས་དང་བསྡོངས་ནས་མགོ་ལྕོག་ལྡེམ་ལྡེམ་བྱེད་ལ། སྡོང་འཛུགས་པ་རྣམས་ཀྱིས་སྔོན་ཆད་སྐྱ་ཐེར་དུ་གནས་པའི་རི་བོ་འདི་ལ་ལྗང་མདོག་གི་གོས་བཟང་བཀླུབས་ལ་བྲེལ་བ་སོགས་ཡུལ་ལྗོངས་ངོ་མཚར་བ་ཞིག་མིག་མདུན་དུ་མངོན་ཡོང་། མིག་ཤེས་རྣལ་དུ་ཕབ་ནས་སྐས་རིམ་སོ་སོར་ཞིབ་ཏུ་ལྟ་ཡོང་དུས།  རི་ངོས་དེ་ཆ་སྙོམས་སྒོས་དྲ་མིག་རེ་རེར་བགོས་ཡོད་པའི་ཤོ་གཞོང་ཞིག་ཤར་རིའི་སྟེང་ལ་ལྷུང་བ་དང་གཉིས་སུ་མ་མཆིས། དྲ་མིག་རེ་རེར་ཧེ་པེ་གཡར་སྡོང་དང་། རྒྱ་ཤུག  སྒྲོན་ཤིང་ལ་སོགས་པའི་སྡོང་ཕྲུག་བཙུགས་ཡོད་པ་རེད།

དེ་ནི་ཟི་ལིང་གྲོང་ཁྱེར་གྱི་ལྷོ་རི་དང་བྱང་རིའི་དུས་སྐབས་གསུམ་པའི་སྡོང་འཛུགས་ནགས་འདེབས་བྱེད་ས་ཉག་ཅིག་ཡིན་མོད། ཁྱེད་རང་ཡ་མཚན་སྐྱེས་དགོས་ས་ཞིག་ནི་ཤར་རིའི་ངོས་ཀྱི་སྡོང་བོ་འཛུགས་སྟངས་དེ་ནི་དུས་རྒྱུན་ང་ཚོའི་ས་དོང་བསྐོས་ནས་འཛུགས་པའི་སྲོལ་དང་མི་འདྲ་བ་དེ་རེད།  2016ལོར་ཤར་རིའི་སྟེང་དུ་ཆུ་འདྲེན་སྦུ་གུའི་དྲ་ཡོངས་སུ་འཐེན་ཡོད་ན་ཡང་། གནས་དེར་ཆར་ཆུ་ཉུང་ལ་ཁ་དབུགས་སྐམ་ཤས་ཆེ་བའི་དབང་གིས་སྡོང་འཛུགས་ཀྱི་ཐབས་འདི་བཀོལ་བ་རེད། ནགས་འཛུགས་སའི་ལག་རྩལ་འགན་འཁུར་བ་ཡན་ཀྲི་ཡིན་གྱིས་ངོ་སྤྲོད་བྱེད་དོན།  རི་ངོས་ཀྱི་སྡོང་བོར་ཆུ་འདྲེན་པ་ལ་ཧོང་ཡན་རི་ཁུལ་ཁོ་ནར་ཆུ་མཛོད་བརྒྱད་ཡོད་ཅིང་། ཁོས་ཤར་རིའི་སྤྱི་ཆིང100ཙམ་གྱི་ལྗང་སྒྱུར་ལ་འགན་འཁུར་བཞིན་ཡོད།   གཙོ་བོ་མིས་བཟོས་ནགས་འཛུགས་གཙོ་བྱས་ཤིང་། འཕྲུལ་ཆས་ཀྱི་ནགས་འདེབས་ཕལ་བར་བཟུང་སྟེ། ཉིན་རེར་མི300ཡས་མས་ཀྱིས་རི་ངོས་སུ་སྡོང་འཛུགས་ནགས་འདེབས་ཀྱི་ལས་ལ་བྲེལ་བ་ཡིན་ཟེར།  

ལྷོ་རི་དང་བྱང་རིའི་ལྗང་སྒྱུར་དེ་ད་ཆ་ཟི་ལིང་གི་ཁོར་ཡུག་འཛུགས་སྐྱོང་ལས་གྲྭའི་ཆེས་གསལ་ལ་མཛེས་པའི་མིང་བྱང་དུ་གྱུར་ཡོད།  1989ལོར་ལག་བསྟར་བྱས་ཚུན་དུ།  ལྷོ་བྱང་གི་རི་འདི་གཉིས་ཀྱིས་དུས་སྐབས་དང་པོ་དང་གཉིས་པའི་འཛུགས་སྐྲུན་ཁྲོད། སྔ་རྗེས་སུ་སྤྱི་ཆིང་ཁྲི1.64ལ་སྡོང་འཛུགས་ནགས་འདེབས་བྱས་པ་དང་། ནགས་ཀྱི་ཁེབས་ཚད7.2%ནས79%ལ་འཕེལ་ཡོད་པས། མཐོ་སྒང་གི་སྐམ་ཤོས་ཆེ་བའི་ས་ཁུལ་དུ་སྣོད་བཅུད་ལས་གྲྭ་ལེགས་འགྲུབ་བྱུང་བའི་དཔེ་བཟང་བོ་ཞིག་འཚོལ་ཞིབ་བྱུང་བ་རེད།


 
ཟི་ལིང་གྲོང་ཁྱེར་རྟ་ཐང་རྫོང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཁྲང་ཉིང་གྲོང་རྡལ་ཧོང་ཡན་སྡེ་བའི་ཤར་རིའི་ལྗང་སྒྱུར་བྱེད་སར་ལས་ཀ་པས་འཕྲུལ་ཆས་ཀྱི་ས་དོང་རྐོ་བ།

2015ལོར་མགོ་བརྩམས་ཏེ་ལག་བསྟར་བྱས་པའི་དུས་སྐབས་གསུམ་པའི་ལས་གྲྭ་དེ་འཆར་གཞི་ཡིན་ན་ལོ་ངོ་དྲུག(2015—2020)གི་ནང་དུ་ཟི་ལིང་ནས་རྟ་ཐང་དང་། ཙོང་ཁ། སྟོང་སྐོར་བཅས་རྫོང་གསུམ་བར་གྱི་གཞུང་ལམ་གཡས་གཡོན་དང་རྫོང་མཁར་ཉེ་འཁོར་ས་ཁུལ་གྱི་གཤིན་ས་རུ་ཚད་གཞི་མཐོ་ཤོས་ཀྱི་སྡོང་འཛུགས་ནགས་འདེབས་སྤྱི་ཆིང་ཁྲི1.8བྱས་ཏེ།  གྲོང་ཁྱེར་ཉེ་འདབས་ཀྱི་སྣོད་བཅུད་སྲུང་ཡོལ་སྲ་བརྟན་དུ་གཏང་རྒྱུ་བྱས་ཡོད། 2017ལོའི་བར་ལ།  སྤྱི་ཆིང7333.3ལ་སྡོང་འཛུགས་ནགས་འདེབས་བྱས་ཡོད་པ་དང་། རི་བསྡམས་ནགས་གསོ་སྤྱི་ཆིང4000བྱས།

ཟི་ལིང་གྲོང་ཁྱེར་ནགས་ལས་ཅུས་ཀྱི་སྡོང་འཛུགས་ཁྲུའུ་ཡི་ཁྲུའུ་ཀྲང་ཧྲེང་ཁུའེ་ཡིས་འདི་སྐད།  2018ལོར་ཟི་ལིང་གྲོང་ཁྱེར་གྱིས་ཐོག་མར་ཆུ་བེད་འགྲོ་ལམ་དུ་སྡོང་བོ་འཛུགས་དགོས་པ་དང་། ཞིང་གྲོང་གི་སྡོང་རིགས་རིར་འཛུགས་དགོས་པ།  ཆེད་ལས་དཔུང་ཁག་གིས་ཨར་ལས་དགོས་པ། ཚན་རིག་དང་མཐུན་པོའི་བདག་སྐྱོང་དོ་དམ་བྱེད་དགོས་ཞེས་ནགས་འདེབས་ཚད་གཞི་དང་།བདག་སྐྱོང་དོ་དམ་ཐད་ལ་བླང་བྱ་གསར་པ་བཏོན་ཡོད་པས། ད་ཆ་ཟི་ལིང་གྲོང་ཁྱེར་གྱི་ཆུས་དང་རྫོང་ཁག  ཤར་ཐང་བཟོ་ལས་གླིང་དང་། ལྷོ་རིའི་གཞུང་སྒྲུབ་ཁང་སོགས་ལས་ཁུངས་དགུ་ཨར་ལས་བྱེད་སར་བཅར་ནས་གྲོང་ཁྱེར་ཡོངས་ཀྱི་ལྗང་སྒྱུར་ལས་ཀ་སྒོ་ཀུན་ནས་གཉེར་མགོ་བརྩམས་ལ། སྔོན་དཔག་བྱས་ན་ཟླ་ལྔ་པར་གྲོང་ཁྱེར་ཡོངས་ཀྱི་ལྗང་སྒྱུར་འོས་འགན་ཡོངས་སུ་འགྲུབ་པ་རེད།


ཟི་ལིང་གྲོང་ཁྱེར་རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཁྲང་ཉིང་གྲོང་རྡལ་ཧོང་ཡན་སྡེ་བའི་ཤར་རིའི་ལྗང་སྒྱུར་བྱེད་སར་ལས་ཀ་པས་སྡོང་རྩར་ཆུ་གཏོང་བ།

 2018ལོར་ཟི་ལིང་གྲོང་ཁྱེར་གྱིས་སྡོང་འཛུགས་ནགས་འདེབས་སྤྱི་ཆིང6000དང་། རི་བསྡམས་ནགས་གསོ་སྤྱི་ཆིང་666.7བྱ་རྒྱུ་དང་། ལོ་གཉིས་ཀྱི་སྔོན་ལ་དུས་སྐབས་གསུམ་པའི་ལས་གྲྭའི་སྤྱི་ཆིང་ཁྲི1.8ཡི་ལྗང་སྒྱུར་ལས་འགན་འགྲུབ་ཏུ་འཇུག་རྒྱུ་དང་། ལྷོ་རི་དང་བྱང་རིའི་ལྗང་སྒྱུར་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི3.44ལ་སླེབས་སུ་བཅུག་ནས་ཡང་བསྐྱར“ལྷོ་རི་དང་བྱང་རི”ཞིག་བསྐྲུན་པའི་དམིགས་འབེན་མངོན་འགྱུར་བྱེད་རྒྱུའི་འཆར་གཞི་བཟོས་འདུག

 

ལོ་ཙཱ་བ། ཁོན་ཐར་འཚོ།