ཞིང་ཆེན་ཡོངས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་དེ་མུ་མཐུད་དུ་སྲ་བརྟན་ཅན་གྱི་ཕྱོགས་སུ་བསྒྱུར་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ5པའི་ཚེས8ཉིན། གསར་འགོད་པས་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་སྣ་འཛོམས་ལྟ་སྐུལ་དོ་དམ་དང་བཟོ་ཚོང་རིགས་བརྒྱད་ལས་རིགས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ། སྐབས་བསྟུན་སྡོམ་རྩིས་བྱས་པའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་གྱི་ཐུན་མོང་ཧུར་བརྩོན་འོག ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བའི་ཐད་ལ་ཧུར་ཐག་གི་ཕན་འབྲས་ངེས་ཅན་ཞིག་བླངས་པ་དང་། 2017ལོར་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ཐོན་སྐྱེད་ལས་གཉེར་ཅན་གྱི་དོན་རྐྱེན་དང་ཅུང་ཚབས་ཆེ་བའི་དོན་རྐྱེན་སོགས་སུ“མར་འགྲིབ་པ་བཞི”མངོན་འགྱུར་བྱས་ཞིང་ཟླ་བ90ལྷག་གི་རིང་ལ་དོན་དག་གལ་ཆེན་དང་དོན་རྐྱེན་ཚབས་ཆེན་མ་བྱུང་བ་རེད།

2017ལོའི་རྗེས་ནས་བཟུང་ཞིང་ཆེན་ཡོངས་ཀྱིས་གོང་འོག་གཉིས་ཀས“ཉུང་འཕྲི་གསུམ་དང་བཀག་འགོག་གཅིག”གི་དམིགས་འབེན་མངོན་འགྱུར་བྱེད་པ་དམ་འཛིན་སྒོས། འགན་འཁྲིའི་མ་ལག་འཐུས་ཚང་དང་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། ཁྲིམས་འཛིན་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན། སྔོན་འགོག་ཚོད་འཛིན་བྱེད་ཐབས་འཐུས་ཚང་བཅས་ཀྱིས་ཁྱོན་ཡོངས་ནས་བདེ་འཇགས་ཐོན་སྐྱེད་སྐོར་ཞིབ་རྩད་གཅོད་ཁྱོན་ཡོངས་ནས་སྤེལ་བ་བརྒྱུད་དཔྱད་ཞིབ་དང་ཞིབ་བཤེར་ཆེན་མོ། ལྟ་སྐུལ་མཛུབ་སྟོན། ལྟ་སྐུལ་ཞིབ་བཤེར། རིགས་སོ་སོའི་ཆེད་དོན་དག་སྒྲིག་སོགས་ཀྱི་བྱ་བ་ལེགས་པོ་སྒྲུབ། ད་རུང་མུ་མཐུད་དུ་གཞུང་ལམ་འགྲིམ་འགྲུལ་དང་བཟོ་སྐྲུན་འཛུགས་བསྐྲུན། ཆུ་བེད། དམིགས་གསལ་སྒྲིག་ཆས། མེ་གསོད་དང་ཡུལ་སྐོར་སོགས་ལས་རིགས་གལ་ཆེན་གྱི་ཁྱབ་ཁོངས་ལ་རྩད་གཅོད་ཞིབ་བཤེར་ནན་མོ་དང་ཆེད་དོན་དག་སྒྲིག་བྱས་ཏེ། འགལ་རྐྱེན་ཅན་གྱི་དོན་དག་རིགས32048ལ་རྩད་གཅོད་ནན་མོ་བྱས་ཤིང་ཆད་གཅོད་བཀག་སྡོམ་ཟུང་འབྲེལ་དང་མིང་ཐོ་ནག་པོའི་དོ་དམ་གྱིས་ཁེ་ལས39ཡི་ཁྲོད་ནས་སྒོ་རྒྱག་པ་དང་ལས་རིགས་མཚམས་བཞག་ནས་དག་ཐེར་བྱས། ཁེ་ལས751གི་འཛིན་བྱང་དཔང་ཡིག་མཚམས་འཇོག་པའམ་ཡང་རྩིས་མེད་བཟོས་པ། ཁེ་ལས208ལ་གནས་སྐབས་རྩད་གཅོད་སྒོ་རྒྱག་དུ་བཅུག་སྟེ་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཅན1989ལ་རྡུང་རྡེག་བཏང་ཞིང་། གཅིག་བསྡུས་སྒོས་མེ་སྐྱོན་སྔོན་འགོག་གི་འགལ་རྐྱེན་མི་འདྲ་བ23ལ་དག་ཐེར་བྱས།  

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། 2018ལོ་ནི་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལག་ལེན་དངོས་འབབ་མཐར་ཕྱིན་བྱེད་པའི་ལོ་ཐོག་མ་ཡིན་ལ། སྐབས་བསྟུན་དོ་དམ་བྱ་བར་བཅོས་སྒྱུར་བྱེད་པའི་ལོ་ཡང་ཡིན་པས། ད་ལོའི་བདེ་འཇགས་ཐོན་སྐྱེད་སྣ་འཛོམས་ལྟ་སྐུལ་དོ་དམ་དང་། བཟོ་ཚོང་རིགས་བརྒྱད་ལས་རིགས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་རིམ་པའི་སྐབས་བསྟུན་བྱ་བའི་དོན་སྙིང་གལ་ཆེན་ཡང་ལེགས་པོར་སྒྲུབ་དགོས། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བདེ་འཇགས་ཐོན་སྐྱེད་བྱ་བའི་འགན་འཁྲིའི་འདུ་ཤེས་ཇེ་ཟབ་དུ་བཏང་ནས། དམ་འཛིན་གྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཡིད་ལ་བཟུང་སྟེ། བདེ་འཇགས་ཐོན་སྐྱེད་རྨང་གཞིའི་འཛུགས་བསྐྲུན་དངོས་འབབ་དང་བདེ་འཇགས་ཐོན་སྐྱེད་འགན་འཁྲི་གཟབ་ནན་གྱིས་ལག་བསྟར་བྱེད་པ། རིམ་པ་རེ་རེའི་ཕྲག་འོས་འགན་ལྗིད་མོ་སྤྲད་དེ་མུ་མཐུད་དུ་འགས་གཏོར་སྔོན་འགོག་དང་ཚད་ཡོད་བར་སྟོང་། ཨན་འདུས་འཁྱག་བཟོས། ངར་ལྕགས་རླངས་སོལ། ཨར་འདམ་ཐོན་སྐྱེད་སོགས་ཀྱི་ཐད་ལ་ཆེད་དོན་དག་ཐེར་བྱ་དགོས། ལྟ་སྐུལ་དོ་དམ་ཁྲིམས་འཛིན་ཚད་གཞི་ཇེ་དྲག་དུ་བཏང་ནས་བྱ་བ་དངོས་ལག་བསྟར་བྱེད་པ། བདེ་འཇགས་ཐོན་སྐྱེད་བྱ་བའི་དོན་དངོས་ཀྱི་ལག་བསྟར་ཚད་གཞི་ལ་སྐུལ་འདེད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་བབ་དེ་མུ་མཐུད་དུ་བརྟན་ལྷིང་ཅན་དུ་གཏོང་བའི་བླང་བྱ་བཏོན་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།