སི་ཁྲོན་པེ་ཁྲོན་ཐང་ཅ་ཧྲན་གྱི་ཟམ་ཆེན་ལ་བདེ་བླག་ངང་ཟམ་གདན་བཏིང་བ།

མི་དམངས་དྲ་བའི་འཕྲིན། 2018ལོའི་ཟླ་5ཚེས་11ཉིན་གྱི་ཆུ་ཚོད་11ཙམ་ལ་སི་ཁྲོན་པེ་ཁྲོན་ཆའང་རིགས་རང་སྐྱོང་རྫོང་ཐང་ཅ་ཧྲན་འཁྱིལ་མཚོའི་ཟམ་ཆེན་གྱི་ཟམ་གདན་མཐའ་མ་བཏིང་ཟིན་པ་དང་སྦྲགས་ཐང་ཅ་ཧྲན་གྱི་ཟམ་ཆེན་བདེ་བླག་ངང་སྦྲེལ་མཐུད་ཐུབ་ཡོད།

ལོ་བཅུའི་གོང་དུ་དབུན་ཁྲོན་ལ་ས་ཡོམ་དྲག་པོ་བརྒྱབ་པ་ལས་ཐང་ཅ་ཧྲན་གྱི་འཁྱིལ་མཚོ་ཆགས་ནས་དེ་སྔའི་གྲོང་ཚོའི་གཞུང་ལམ་ཆུས་མནན་ཏེ་པེ་ཁྲོན་ཤོན་ཕིང་ཤང་དང་པེ་ཉི་ཤང་དེ་བཞིན་ཆུས་ཧྲན་གྲོང་རྡལ་གྱི་གྲོང་ཚོ་དང་སྡེ་ཁུལ་གྱི་མང་ཚོགས་ཁག་གཅིག་གི་ཕྱིར་སྐྱོད་ལམ་བུ་འགག་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐང་ཅ་ཧྲན་གྱི་ཟམ་ཆེན་སྔོན་དཔག་བྱས་ན་འདི་ལོའི་ཟླ་བརྒྱད་པའི་ཟླ་མཇུག་ཏུ་ཤར་གཏོང་ཐུབ་རྒྱུ་རེད། སྐབས་དེ་དུས་ཐང་ཅ་ཧྲན་གྱི་འཁྱིལ་མཚོའི་ངོགས་གཉིས་ཀྱི་མང་ཚོགས་ཕྱིར་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་མ་ཟད། ཡུལ་དེ་གའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་ཀྱང་ཐུབ་ནས་ཞིང་ཞོར་ཐོན་རྫས་སྐྱེལ་འདྲེན་ལ་སྟབས་བདེ་ཆེན་པོ་ཡོང་རྒྱུ་དང་ངོགས་གཉིས་ཀྱི་གྲོང་མིའི་འཚོ་བ་ལེགས་སུ་འགྲོ་རྒྱུ་རེད།