རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་277པེ་ཅིང་དུ་འགན་སྒྲུབ་སློབ་སྦྱོང་ལ་ཞུགས་པ།

མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མིའི་སློབ་སྦྱོང་འཛིན་གྲྭ་དུས་ཐེངས་དང་པོ་ཚེས་11ཉིན་པེ་ཅིང་དུ་མཇུག་འགྲིལ་ཞིང་། ཉིན་བཞི་ཡི་སློབ་སྦྱོང་རིང་རྒྱལ་ཡོངས་ཀྱི་འདེམས་བསྐོའི་ཚན་པ་15ནས་ཡོང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་277གྱིས་རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་ཀྱི་ལམ་ལུགས་སློབ་སྦྱོང་གཏིང་ཟབ་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་ཁྲིམས་བཞིན་འགན་འཁྲི་སྒྲུབ་པའི་ནུས་པར་ཧུར་ཐག་འགྱུར་བ་བྱས་པ་རེད།

འདི་ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་ཞིག་རེད་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པ་དང་དེ་བཞིན་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་བཞིན་འགན་འཁྲི་སྒྲུབ་པའི་ལོ་དང་པོའང་རེད། ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་2980ཡི་ཁྲོད་གསར་དུ་བདམས་པའི་འཐུས་མིས་70%ཙམ་བཟུང་ཡོད། འདི་ལོའི་ཟླ་གཉིས་པའི་ཟླ་མཇུག་ཏུ་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ནས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་ཡོངས་སྒྲིག་འཛུགས་བྱས་ནས་འགན་ཐོག་མར་འཁུར་བའི་སློབ་སྦྱོང་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཤིང་། སློབ་སྦྱོང་བྱས་པའི་རྨང་གཞིའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་2018ལོའི་ལས་ཀའི་གཙོ་གནད་ནང་གསར་དུ་བདམས་པའི་འཐུས་མིའི་འགན་སྒྲུབ་ཀྱི་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་འཐུས་མིའི་ཆབ་སྲིད་ཀྱི་བྱང་ཚད་དང་ཁྲིམས་བཞིན་འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས་ལུགས་བཏོན་ཡོད། འདི་ལོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་སློབ་སྦྱོང་འཛིན་གྲྭ་ཐེངས་3གཉེར་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་1100ཙམ་སྒྲིག་འཛུགས་བྱས་ཏེ་གཅིག་སྡུད་སློབ་སྦྱོང་བྱ་རྩིས་ཡོད་པ་ནི་གཙོ་བོ་གསར་དུ་བདམས་པའི་འཐུས་མི་དང་གཞི་རིམ་གྱི་འཐུས་མི་ཡིན་པ་རེད།

ད་རེས་ཀྱི་སློབ་སྦྱོང་འཛིན་གྲྭའི་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་འདྲ་མིན་སྣ་ཚོགས་ཡོད། སློབ་སྦྱོང་གི་ནང་དོན་ལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལམ་ལུགས་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེ་བཞིན་དེའི་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འཛུགས་དང་ལྟ་སྐུལ་ལས་དོན། ཚོགས་མཇུག་འགྲིལ་རིང་གི་འཐུས་མིའི་བྱེད་སྒོ་དང་འཐུས་མི་འགན་སྒྲུབ་ཚད་གཞི། འཐུས་མིའི་གྲོས་གཞི་དང་བསམ་འཆར་འདོན་པ་དང་གྲོས་ཞིབ་སྒྲུབ་གཉེར་སོགས་ཚུད་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲོའུ་ཆང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་ཀྲང་ཅུན་གྱིས་རང་རྒྱལ་གྱི་འདྲི་གཅོད་ལམ་ལུགས་དང་འདྲི་གཅོད་ལས་དོན་དང་། དེ་བཞིན་ཞིབ་དཔྱོད་ལམ་ལུགས་དང་ཞིབ་དཔྱོད་ལས་དོན་ཐད་ཆེད་དོན་སྙན་ཞུ་སོ་སོར་བྱས་པ་རེད། སློབ་སྦྱོང་འཛིན་གྲྭར་ད་དུང་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་དང་། ཚོགས་ཆེན་གྱི་སྤེལ་རེས། མཉམ་འགུལ་སློབ་ཁྲིད་སོགས་ཀྱི་ལྷུ་ཚིགས་བཀོད་སྒྲིག་བྱས་པ་དང“བདེན་པའི་སྟོབས་ཤུགས། མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”ལ་ལྟ་སྐོར་བྱས་ཡོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་དབྱང་ཀྲེན་ཝུའུ་ཡིས་འཐུས་མི་ཚོས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་མི་དམངས་འཐུས་ཚོགས་ལས་ཀའི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་བཏང་སྟེ་ལས་འགན་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། སྙིང་རུས་ལྷོད་མེད་ངང་སློབ་སྦྱོང་ལ་དམ་འཛིན་གྱིས་ཕྱོགས་ཡོངས་ནས་འཇོན་ཐང་ཆེ་རུ་གཏོང་བ། ཏན་ཏན་ཏིག་ཏིག་ངང་བརྟག་ཞིབ་ཀྱིས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ལེགས་སུ་བཏང་ནས་འཐུས་མིའི་གཟུགས་བརྙན་བཟང་པོ་གཏོད་དགོས་པ་བཅས་ཀྱི་རེ་བ་བཏོན་པ་རེད།