རེབ་གོང་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་རྣམས་སྤོས་ལྡན་གྲོང་དུ་སྐྱོད་པའི་འཚོལ་ཞིབ་ཟིན་ཐོ།

༢༠༡༨ལོར་སྐལ་བཟང་མེ་ཏོག་འཚོལ་ཞིབ་ཏུ་སྐྱོད་པའི་ལམ་ཡིག

རྩོམ་སྒྲིག་པའི་གཏམ། མི་སུ་ཞིག་ཡིན་ཡང་རང་ཉིད་ཀྱི་ཕུགས་འདུན་བརྩོན་ལེན་བྱེད་པའི་ཁེ་དབང་ཡོད་ལ།ཁོ་ཚོའི་མིག་ལམ་ན་འབར་བ་ནི་མཚར་སྡུག་གི་འཇིག་རྟེན་འདིའི་སྣོད་བཅུད་ཀྱི་མཛེས་པ་དང་།ལང་ཚོའི་གསོན་ཤུགས་སྙན་ངག་ཏུ་གྱེར་བའི་རྒྱང་རིང་གི་སྐོམ་གདུང་འབའ་ཞིག་ཡིན།

ཐོས་བརྩོན་གཞུང་དྲང་གི་རྒན་པདྨ་དོན་གྲུབ་དང་ཁོ་བོས་གཉེར་བའི་སྐལ་བཟང་མེ་ཏོག་འཛིན་གྲྭ

ཟླ་ལྔ་བའི་ཚེས་ལྔ་ཉིན།སྤོས་ལྡན་གྲོང་སྟེ་ཁྲེང་ཏུའུ་གྲོང་ཁྱེར་གྱི་གྲོང་དང་སྲང་ལམ་དུ།མཚར་སྡུག་ལ་སྨོན་པའི་མིག་མདངས་ལམ་ལམ་འཚེར་བའི་མདོ་དབུས་མཐོ་སྒང་གི་བྱིས་པ་སྐོར་ཞིག་སླེབས་ཡོད་ཅིང་།དེ་ཚོ་ནི་མདོ་སྨད་རེབ་གོང་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་ཞེ་གཉིས་ཡིན་ལ།ཁོ་ཚོ་ནི་བྲིས་མ་ཚར་བའི་མི་ཚེའི་སྙན་ངག་ལྟ་ན་སྡུག་པ་ཞིག་གི་ཚེ་སྲོག་འཚོལ་དུ་སླེབས་པ་དང་འདྲ།

མཚར་སྡུག་ལ་སྨོན་པའི་མིག་མདངས།

ངག་རྒྱུད་རིང་ཞིང་གཞུང་རྒྱུད་དྲང་བའི་མཐོ་སྒང་གི་སྐལ་བཟང་མེ་ཏོག་འདི་དག་གིས།ཐེངས་འདིར་འོ་མའི་བསུང་ངད་དང་རྩྭ་ཐང་གི་བློ་རྒྱ་ཁྱེར་ནས་སྤོས་ལྡན་གྲོང་ཁྱེར་དང་ལག་འཇུ་ཐེངས་ཤིག་གི་ཆེད་དུ་སླེབས་པ་རེད།

སྤོས་ལྡན་གྲོང་གི་མེ་ཏོག་མཛེས་ཤིང་།ཇི་འདྲའི་དྭངས་ཤིང་གཙང་བ་ཞིག་རེད་ཨང་།སློབ་བུ་སྙིང་དཀར་རྒྱལ་གྱིས་སེམས་འགུལ་ཐེབས་པའི་སྒོ་ནས་དེ་ལྟར་སྨྲས།ཁོ་ནི་ཐེངས་དང་པོར་རྒྱང་རིང་གི་གྲོང་ཁྱེར་འདི་རུ་སླེབས་པ་ཡིན་ཞིང་།ཟླ་ལྔ་བའི་ཚེས་ལྔ་ཉིན།ཁོ་ཚོའི་ཐེངས་འདིའི་འགྲུལ་བཞུད་ཀྱི་ས་ཚིགས་དང་པོ་ནི་སྤོས་ལྡན་གྲོང་གི་མེ་འཁོར་འབབ་ཚིགས་བྱང་མར་གཏན་འཁེལ་བྱས།

གཞན་གྱི་རོགས་སྐྱོར་འོག་ཏུ་ཁོ་ཚོ་འཚང་ཁ་ཤིག་ཤིག་གིས་རླངས་འཁོར་དུ་བསྡད་ཅིང་།ལམ་བར་དུ།སྙན་འཇེབས་ལྡན་པའི་གླུ་དབྱངས་ཁྲེང་ཏུའུ་དང་།སྒོ་མོ་ཆེན་པོ་གཉིས་དབྱངས་སུ་གྱེར་བཞིན་རེ་བའི་མིག་ཟུང་ལམ་གྱི་ལྟད་མོར་གཡེང་བའི་སྒོ་ནས་ཧྭ་ཞེའི་མགྲོན་ཁང་ཆེན་མོར་སླེབས།


ལང་ཚོའི་གསོན་ཤུགས་འབར་བའི་ཁྱུ་ཚོགས།

ཉིན་གུང་གི་དུས་སུ་ཁོ་ཚོས་དགའ་སྤྲོ་དང་དགོད་སྒྲའི་ཀློང་ནས་ཤིང་སྡོང་ཆེན་པོ་དག་གི་འགྲམ་དུ་རྩེད་མོ་རྩེས་ཤིང་།སྤོས་ལྡན་གྲོང་གི་མཚར་སྡུག་གི་འདུ་བྱེད་རེ་རེས་ཁོ་ཚོའི་འདུ་ཤེས་ལ་སྔ་ན་མེད་པའི་མཛེས་སྡུག་སྩོལ་བཞིན་མཆིས།སློབ་བུ་དག་གིས་རྩ་འཛུགས་དང་གོ་རིམ་ཡོད་པའི་སྒོ་ནས་རུ་གཙོ་དང་འཚོ་བའི་འགན་འཛིན་བསྐོས་ཤིང་།རུ་ཁག་རེ་རེའི་སྒྲིག་གཞི་དང་ལམ་སྲོལ་གསལ་བོར་བཟོས།

སྙན་ངག་ནི།འདི་ནས་བཟུང་འགོ་བརྩམས་ཤིང་།ཁོ་ཚོའི་སྙུག་རྩེ་ན་འཁྱུག་པ་ནི་ལང་ཚོ་དང་མེ་ཏོག་གི་སྙིང་བོ་ལས་བྱུང་བའི་དྭངས་གཙང་གི་འབྲས་བུ་འབའ་ཞིག་ཡིན།

རྨི་ལམ་ནི་རྒྱང་རིང་ན་ཡོད་ཅིང་།ལམ་བུ་ནི་རྐང་འོག་ན་ཡོད་པས།ངལ་ཡིད་ཚིམ་པ་ཞིག་གསོས་རྗེས་ཁོ་ཚོ་མྱུར་བ་མྱུར་དུ་སྤོས་ལྡན་གྲོང་ཁྱེར་ཤར་ཁུལ་གྱི་ཤེས་རིག་དྲན་གསོ་གླིང་ཀར་ཕྱིན།

ཐེངས་འདིའི་སྐལ་བཟང་མེ་ཏོག་འཚོལ་ཞིབ་རུ་ཁག་གི་བརྗོད་བྱའི་འགོ་དངོས་སུ་བརྩམས་སོང་།དེ་ནི་མི་སོ་སོས་རང་རང་གི་འགྲུལ་བཞུད་ལམ་ཐིག་བཟོ་རྒྱུ་དང་།རུ་ཁག་མི་འདྲ་བའི་བར་གྱི་མཐུན་འབྲེལ་ནུས་པ་སྦྱོང་བརྡར་བྱེད་པ་དེ་ཡིན།

སྤོས་ལྡན་སྲང་ལམ་དུ་སྐོར་བྲོ་འཁྲབ་བཞིན་པ།

ཁོ་ཚོས་གནའ་བོའི་ཤེས་རིག་གི་རྗེས་ཤུལ་མངོན་པར་གསལ་བའི་གྲོང་ཁྱེར་འདི་ནས་བར་གསེང་གི་སྐོར་བྲོ་འཁྲབ་ཅིང་།སྤོས་ལྡན་གྲོང་གི་མི་ཚོགས་རྒྱ་མཚོ་ལྟ་བུའི་དཀྱིལ་ནས་མཐོ་སྒང་གི་གནའ་བོའི་དྲི་མ་མ་ཡལ་བའི་སྐོར་བྲོ་འཁྲབ་པས་རེ་ཞིག་ལ་གནས་འདིའི་ཐང་ཆེན་གྱི་ཁོ་ར་ཁོར་ཡུག་ཀུན་བོད་དབུས་ཀྱི་དྲི་མ་སྟུག་པོ་ཞིག་གིས་ཁྱབ་པར་བྱས།

དགུང་ཟས་ཀྱི་སྐབས་སུ་ཁོ་ཚོས་ཉིན་དང་པོའི་འཚོལ་ཞིབ་ཀྱི་འབྲས་བུ་སྤྱི་སྡོམ་བྱ་བར་བརྩམས་ཤིང་།མིག་གིས་བལྟས་ཤིང་སེམས་ཀྱིས་མྱངས་པའི་ཚུར་སྣང་གི་འབྲས་བུ་མོད་པོ་ཞིག་ཐོབ་ཡོད་པར་སྣང་།

ཁྲིན་ཏུ་ཤར་ཁུལ་གྱི་འགྲུལ་བཞུད་འདིས།གསར་གཏོད་ཀྱི་སྟོབས་ཤུགས་རྫོགས་ཏུ་མེད་པ་ཞིག་དང་།ཤེས་རིག་བཟོ་ལས་ཀྱི་ལོ་རྒྱུས་ལ་རྒྱུས་ལོན་བྱུང་བ་མ་ཟད།རང་རྒྱལ་གྱི་བློ་ཡུལ་ལས་འདས་པའི་འཕེལ་རྒྱས་དང་།ལྡོག་ཕྱོགས་ནས་ཁོར་ཡུག་འབག་བཙོག་གི་གནས་ཚུལ་ཚབས་ཆེན་ཡིན་པའང་ཤེས་རྟོགས་བྱུང་ཡོད།

ཁོ་ཚོ་ནི་ད་ལོའི་མཐོ་འབྲིང་གཉིས་པའི་སློབ་མ་ཡིན་ཞིང་།མི་འགྱངས་པར་མཐོ་གསུམ་དུ་རྒྱུགས་སྤྲོད་ལ་ཉེ།ཐེངས་འདིའི་འགྲུལ་བཞུད་ཁྲོད་དུ།ཁོ་ཚོས་སྤོས་ལྡན་གྲོང་གི་འཕེལ་རྒྱས་དང་མཚོ་སྔོན་བར་གྱི་བར་ཐག་ལ་ཚོད་བགམ་བྱས་ཤིང་།སློབ་འབྲས་ལེགས་པོ་བླངས་ནས་མ་འོངས་པར་མཚོ་སྔོན་གྱི་འཕེལ་རྒྱས་ལ་རང་ནུས་གང་ཡོད་འདོན་པའི་ཆོད་སེམས་ཀྱང་རྙེད་ཡོད་པར་སྣང་།

ནུབ་འཚལ་འཐུང་རྗེས་ཁོ་ཚོས་གློག་བརྙན་ཁང་དུ་གློག་བརྙན་ལ་བལྟས་ཤིང་།སྔོན་ཐོན་གྲོང་ཁྱེར་གྱི་ཚན་རྩལ་གྱིས་ཡིད་དྲངས་པའི་བློ་སྦྱོང་དང་འགྱུར་ལྡོག་ལ་བལྟས་པའི་བསམ་བློ་བརྗེ་རེས་ཀྱང་བྱས་པ་རེད།

ཉིན་གཅིག་གི་འཚོལ་ཞིབ་ལམ་བུའི་ཁྲོད་ནས།ཁོ་ཚོས་མང་པོ་ཞིག་མཐོང་ཞིང་མང་པོ་ཞིག་མྱངས་ལ།མ་འོངས་པར་དེ་ལས་ཀྱང་མང་པོ་ཞིག་འཐོབ་འདོད་ཀྱི་རེ་བས་བརྟས་བཞིན་གཉིད་དུ་ཡུར།

བཅར་འདྲི་བྱེད་པའི་ཡུལ་དངོས།

སློབ་བུ་སྙིང་དཀར་རྒྱལ།

རྩོམ་སྒྲིག་པ། མི་ཚང་མས་བཤད་ན།སྤོས་ལྡན་གྲོང་ཁྱེར་ནི་ཡོང་ན་འབྲལ་མི་འདོད་པའི་གནས་མཆོག་ཅིག་ཡིན་པར་བཤད།སྐབས་འདིར་སྐུ་ཉིད་ལ་བསམ་ཚུལ་ག་འདྲ་འདུག

སྙིང་དཀར་རྒྱལ། འདི་ནི་མི་ཡུལ་གྱི་དག་ཞིང་ཞིག་དང་།ངའི་བློ་ཡུལ་ལས་འདས་པའི་གྲོང་ཁྱེར་ཆེན་པོ་ཞིག་རེད།གནས་འདིར་མེ་ཏོག་སྣ་མང་དང་ལྡན་ཞིང་ཐེངས་འདིར་ཐོབ་བྱ་མང་པོ་ཞིག་ཡོད་སོང་།

སློབ་མ་ཤ་བོ་མཚོ་སྐྱིད།

རྩོམ་སྒྲིག་པ། ཁྱོད་ཀྱི་ཕུགས་འདུན་ཅི་ཞིག་ཡིན།

ཤ་བོ་མཚོ་སྐྱིད། ངའི་ཕུགས་འདུན་ནི་ལྷོ་ནུབ་མི་རིགས་སློབ་ཆེན་དུ་རྒྱུགས་འཕྲོད་ནས་ཁྲིན་ཏུར་ཡོང་རྒྱུ་དང་།ཁོམ་སྐབས་དག་ལ་དོམ་ཁྲར་བལྟ་བ་དང་རི་འགོ་རུ་འཛེགས་འདོད།

དང་བླངས་རོགས་མི་བནྡེ་སྐྱིད།

བནྡེ་སྐྱིད། སྐབས་དང་པོའི་སྐལ་བཟང་མེ་ཏོག་འཚོལ་ཞིབ་རུ་ཁག་གི་ཧྲང་ཧེ་འཚོལ་ཞིབ་པའི་ཚོགས་མི་ཡིན།ད་ལྟ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་དང་།ཐེངས་འདིའི་འཚོལ་ཞིབ་རུ་ཁག་གི་དང་བླངས་རོགས་མི་ཡིན།

རྩོམ་སྒྲིག་པ། དེ་སྔའི་འཚོལ་ཞིབ་རུ་མི་ཞིག་ཡིན་པའི་ཆ་ནས།ཁྱོད་ཀྱིས་སློབ་མ་རྣམས་ཀྱིས་ཐེངས་འདིར་ཅི་ཞིག་སློབ་ཐུབ་ན་བསམ།

བནྡེ་སྐྱིད།  སྐལ་བཟང་མེ་ཏོག་གི་འཚོལ་ཞིབ་རུ་ཁག་ཏུ་ཞུགས་རྒྱུ་ནི་སྐལ་བ་ཡག་པོ་རེད།ངའི་རེ་བ་ནི་ཐེངས་འདིར་ཁོ་ཚོས་རང་ཉིད་ཀྱི་དགའ་ཕྱོགས་དང་མཐུན་པའི་སྒོ་ནས་མིག་རྒྱ་བསྐྱེད་པ་དང་།ཕུགས་རྒྱང་རིང་བའི་དམིགས་འདུན་བརྟན་པོར་བཟོས་ནས་དེ་ལ་ཧུར་བརྩོན་བྱ་རྒྱུ་དེ་ཡིན།

ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཤ་བོ་ཀླུ་རྒྱལ་དང་སྐལ་བཟང་མེ་ཏོག

རྩོམ་སྒྲིག་པས། ཁྱོད་ཀྱིས་བསམ་ན་འཚོལ་ཞིབ་རུ་ཁག་འདིའི་ཆེས་བཟང་བའི་གྲུབ་འབྲས་ནི་ཅི་ཞིག་ཡིན་པར་འདོད།

བནྡེ་སྐྱིད། འཚོལ་ཞིབ་རུ་ཁག་ཏུ་ཞུགས་ན།གྲོང་ཁྱེར་ཆེན་པོའི་འཕེལ་རྒྱས་མཐོང་ཐུབ་ཞིང་།དེ་ལ་བརྟེན་ནས་ཕུགས་རྒྱང་རིང་བའི་སྒོ་ནས་རང་ཉིད་ཀྱི་དམིགས་འབེན་གཏན་འཁེལ་དང་།དེ་ལ་བརྩོན་ལེན་བྱེད་ཐུབ་པར་འདོད།

མཇུག་མཐར་ཨ་ལིས་པཱ་པཱ་སྤྱི་ཕན་གྱིས་སྐལ་བཟང་མེ་ཏོག་འཚོལ་ཞིབ་རུ་ཁག་ལ་རྒྱབ་སྐྱོར་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུ། །


 

གསར་འགོད་པ།  རེབ་གོང་བསམ་སྤྱོད།