རང་ཞིང་གིས་གནོད་རྒུད་གནོད་འཚེ་སྔོན་འགོག་ཉིན་མོར་དྲིལ་སྒྲོག་བྱ་འགུལ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། “འགུལ་སྐྱོད་བྱས་ཏེ་རང་གི་ཉེ་འཁོར་གྱི་གནོད་འཚེ་ཉེན་ཁ་ཇེ་ཉུང་དུ་གཏོང་བ”ཞེས་པ་དང་ཟླ5པའི་ཚེས2ཉིན་ནི་རང་རྒྱལ་གྱི“གནོད་རྒུད་གནོད་འཚེ་ཇེ་ཉུང་དུ་གཏོང་བའི་ཉིན་མོ”ཡིན་པས། ཉིན་དེའི་སྔ་དྲོ་ཞིང་ཆེན་གནོད་རྒུད་ཉུང་འཕྲི་ཨུ་ཡོན་ལྷན་ཚོགས་ཀྱིས་ལས་ཁུངས50ལྷག་གི་ལས་བྱེད་མི་སྣ་བརྒྱ་ལྷག་དང་ཚན་རྩལ་མི་སྣ། གནོད་རྒུད་གནོད་འཚེ་སྔོན་འགོག་དང་བླངས་པ་སོགས་རྩ་འཛུགས་བྱས་ཏེ་ཟི་ལིང་གྲོང་ཁྱེར་གྱི་ཞིན་ཉིན་ཐང་ཆེན་དུ་གནོད་རྒུད་གནོད་འཚེ་སྔོན་འགོག་ཉིན་མོའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ། ཧྲིན་ཀྲང་གཞོན་པ་དང་ཞིང་ཆེན་གནོད་རྒུད་གནོད་འཚེ་སྔོན་འགོག་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་ཁང་ཡུང་ཡུལ་དངོས་ལ་སྐོར་ཞིབ་དུ་ཡོང་བ་མ་ཟད་མཛུབ་སྟོན་སྣེ་ཁྲིད་བྱས་པ་རེད།

དྲིལ་སྒྲོག་བྱ་འགུལ་གྱི་ཡུལ་དངོས་ལ་དམངས་སྲིད་དང་རྒྱལ་གཉེར་ས་ཁོངས། ཆུ་བེད། ཞིང་ལས། ཞིང་ནགས་ལས། སློབ་གསོ། འཕྲོད་བསྟེན། གནམ་གཤིས། སྤྱི་བདེ་མེ་གསོད། ས་འགུལ། ཚན་རྩལ་མཐུན་ཚོགས། རྒྱ་གྲམ་དམར་པོའི་མཐུན་ཚོགས་སོགས་ཀྱིས་ཞིང་ཆེན་གནོད་རྒུད་གནོད་འཚེ་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་མིའི་ལས་འགན་ལ་ཟུང་འབྲེལ་བྱས་ཏེ། ཐང་ཆེན་དུ་བརྙན་ཡོལ་ཆེན་མོ་དང་བརྙན་འཕྲིན་སྨྱན་གཟུགས་ཐད་ཀྱི་དྲིལ་སྒྲོག་བྱང་བུ་འགྲེམས་སྟོན་བྱས་ཤིང་། གནོད་རྒུད་གནོད་འཚེ་སྔོན་འགོག་ཐད་ཀྱི་སྤྱི་ཕན་འཁྲབ་སྟོན་དང་མེ་གསོད་སྒྲིག་ཆས་འགྲེམས་སྟོན་བྱས་ཏེ། དྲིལ་སྒྲོག་འགྲེམས་སྟོན་བྱང་བུ་གོ་རིམ་ལྟར་བསྒྲིགས་ནས་གནོད་རྒུད་གནོད་འཚེ་སྔོན་འགོག་ཐད་ཀྱི་དྲིལ་སྒྲོག་བྱ་དངོས་སོགས་རྣམ་པ་མི་འདྲ་བའི་སྒོ་ནས་རྒྱ་ཆེའི་མི་དམངས་ལ་དྲིལ་སྒྲོག་བྱས་ཏེ་གནོད་རྒུད་གནོད་འཚེ་ཐད་ཀྱི་ཤེས་བྱ་ཡང་བསྒྲགས། ཉིན་དེར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་སོ་སོས་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་གནོད་འཚེ་ཉེན་ཁའི་ཐད་ཀྱི་འགལ་རྐྱེན་ཐད་ལ་རྩད་ཞིབ་ནན་མོ་བྱས་ནས་གནོད་རྒུད་གནོད་འཚེ་སྔོན་འགོག་ཉུང་འཕྲི་བྱ་བའི་སྐབས་བསྟུན་འཁྲབ་སྟོན་སྦྱོང་བརྡར་ཁྲོད་དུ་ཧུར་ཐག་སྒོས་ཟབ་ཞུགས་བྱས་པ་རེད།

རང་ཞིང་ནི་རང་བྱུང་གནོད་འཚེ་ཐེབས་ཚད་ཅུང་ཉུང་བའི་ས་ཁུལ་ཞིག་ཡིན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“མི་ལྟེ་བར་འཛིན་པ་དང་དམངས་ཚིས་འབུར་ཐོན”གྱི་རྩ་དོན་གཞིར་བཟུང་ནས་ལོ་འདི་དག་གི་རིང་ལ་གནོད་རྒུད་གནོད་འཚེ་ཐད་ཀྱི་བྱ་བའི་བྱེད་ཐབས་དང་བརྒྱུད་རིམ་ལ་མུ་མཐུད་དུ་གསར་གཏོད་སྔོག་འདོན་བྱས་ཤིང་། བྱ་བའི་རྒྱབ་སྐྱོར་དང་མ་རྩ་གཏོང་ཚད་ཆེས་ཆེར་བཏང་ཞིང་། ནུས་ཤུགས་གང་ཡོད་སྒོས་ཞིང་ཆེན་ཡོངས་ཀྱི་སྣ་འཛོམས་གནོད་རྒུད་གནོད་འཚེ་སྔོན་འགོག་གི་རྩ་འཛུགས་མ་ལག་ལ་ཤུགས་གང་ཡོད་ཀྱིས་སྐུལ་འདེད་བྱས་ཏེ་བྱ་བའི་སྒྲིག་གཞི་དང་རུ་དཔུང་འཛུགས་བསྐྲུན་སོགས་ཀྱི་གྲ་སྒྲིག་ལམ་ལུགས་འཐུས་ཚང་ཅན་དུ་བཏང་། དངོས་ཟོག་གསོག་འཇོག་དང་སློབ་གསོ་དྲིལ་སྒྲོག་སོགས་རིགས་མི་འདྲ་བའི་ནུས་པ་གསར་འཛུགས་ཀྱིས་གནོད་ཐེབས་ས་ཁུལ་གྱི་སྤྱི་ཚོགས་བརྟན་སྲུང་དང་མི་སེམས་བདེར་འབབ་པ་ལ་འགན་བཅོལ་བྱས། ཞིང་ཆེན་ཡོངས་ཀྱི་གནོད་འཚེ་གནོད་རྒུད་སྔོན་འགོག་བྱ་བའི་ཐད་ལ་སྔ་ན་མེད་པའི་གྲུབ་འབྲས་བླངས། དེས་མཉམ་དུ་དེང་རབས་དྲ་རྒྱའི་བརྡ་འཕྲིན་བེད་སྤྱོད་ཀྱིས་རྩིས་འཁོར་བེད་སྤྱོད་དང་གཞི་གྲངས་ཆེན་མོའི་ལག་རྩལ་བེད་སྤྱོད་བྱས་ཏེ། ཤུགས་ཆེན་པོས“ཆ་འཕྲིན་དྲ་རྒྱ+གནོད་རྒུད་གནོད་འཚེ་སྔོན་འགོག་བྱེད་པ”བཀོལ་སྤྱོད་དང་འཕེལ་རྒྱས་སུ་བཏང་ནས་རིགས་མི་འདྲ་བའི་ལྟ་སྟངས་ཐབས་ལམ་འཐུས་ཚང་བེད་སྤྱོད་བྱས་ནས་ཚན་རིག་ལག་རྩལ་གྱིས་གནོད་འཚེ་གནོད་རྒུད་སྔོན་འགོག་ཁྲོད་དུ་བྱེད་ནུས་ངེས་ཅན་ཞིག་ཐོན་པར་རམ་འདེགས་བྱས་པ་རེད།

ད་ལྟ་ཞིང་ཆེན་ཡོངས་ཀྱིས་ཆེས་ཐོག་མར་རིགས་བཀར་རིགས་དབྱེའི་དོ་དམ་གསར་འཛུགས་བྱས་ཏེ་ཁོངས་གཏོགས་དོ་དམ་གཙོ་བོ་ཡིན་པའི་གནོད་རྒུད་གནོད་འཚེ་དོ་དམ་མ་ལག་སྒྲིག་འཛུགས་བྱས་ནས། 《མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་“འཆར་གཞི་བཅུ་གསུམ་པའི”་སྣ་འཛོམས་གནོད་རྒུད་གནོད་འཚེའི་འཆར་འགོད》དང《མཚོ་སྔོན་ཞིང་ཆེན་གྱི་གནོད་འཚེ་གནས་ཚུལ་ཚོང་ཚོགས་དང་དེའི་བྱེད་ཐབས་འགྲེམས་སྤེལ》ཞེས་པ་སོགས་བཅའ་ཁྲིམས་ཁྲིམས་སྲོལ་རབས་དང་རིམ་པ་གཏན་འབེབས་བྱས་པ་མ་ཟད། 《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་གནོད་འཚེ་མྱུར་སྐྱོབས་རོགས་སྒྲུབ་སྐབས་བསྟུན་ཇུས་གཞི》ཞེས་པར་བཟོ་བཅོས་བྱས། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱི་ལམ་ལུགས་དེ་སྔར་ལས་ལྷག་པའི་སྒོ་ནས་འཐུས་ཚང་དུ་བཏང་ཞིང་ཞིང་ཆེན་ཡོངས་ཀྱི་གནོད་རྒུད་གནོད་འཚེ་བྱ་བ་དེ་ཡང་རིམ་བཞིན་བཅའ་ཁྲིམས་ཅན་དང་སྒྲིག་སྲོལ་ཅན་གྱི་འཕེལ་རྒྱས་བགྲོད་ལམ་ལ་ཞུགས་པར་སྐུལ་འདེད་བྱས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།