ནོར་གནག་སྦྲ་ནག་ལས་སྣོན་རྩལ་ནུས་རྒྱུན་འཛིན་གསབ་སྦྱོང་འཛིན་གྲྭ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ་མཚོ་ནུབ་ཁུལ་གྱིས“ས་ཁུལ་གསུམ་གྱི་ཤེས་ལྡན་མི་སྣར”རྒྱབ་སྐྱོར་འཆར་གཞིའི་རིག་གནས་སྒྱུ་རྩལ་ཡོངས་ཁྱབ་དང་ཞིང་ཆེན་རིམ་པའི་གཟུགས་འདས་རྣམ་གྲངས་སྦྲ་ནག་བཟོ་སྟངས་རྩལ་ནུས་རྒྱུན་འཛིན་སྲུང་སྐྱོབ་འཛིན་གྲྭ་དེ་ཐེན་ཆེན་རྫོང་དུ་བསྡུས་པ་རེད།

མཚོ་ནུབ་ཁུལ་རིག་གནས་ཕོ་བྲང་དང་མཚོ་ནུབ་ཁུལ་གྱི་རྫོང་རིམ་པའི་སྦྲ་ནག་བཟོ་སྟངས་རྩལ་ནུས་སྒྱུ་རྩལ་གྱི་རྒྱུན་འཛིན་མི་སྣ་དང་དམངས་ཁྲོད་སྒྱུ་རྩལ་མི་སྣ་ཐེངས་འདིའི་གསབ་སྦྱོང་ལ་ཟབ་ཞུགས་བྱས་ཡོད།

ཐེངས་འདིའི་གསབ་སྦྱོང་གིས་གཞུང་ལུགས་ཀྱི་སློབ་ཁྲིད་ལ་མཐོང་ཆེན་དང་དོན་དངོས་ལས་སྣོན་ལ་དོ་སྣང་གིས་མཚོ་སྔོན་གྱི་སྦྲ་ནག་བཟོ་སྟངས་བཟོ་ལས་སྒྱུ་རྩལ་དང་ཁབ་སྐུད་ཀྱི་བཙེམས་སྟངས། སྦྲ་ནག་ཕུབ་པ་དང་དེའི་འབྲེལ་ཡོད་ཀྱི་བསྟོད་པའི་ཚིག་དང་སྨོན་འདུན། སྲུང་སྐྱོབ་དང་རྒྱུན་འཛིན་ཐད་ཀྱི་བསྟོད་གླུ་སོགས་ཀྱི་ཐད་ལ་ཁྱོན་ཡོངས་ནས་གསབ་སྦྱོང་གང་ལེགས་བྱས་ཡོད་ལ། གསབ་སྦྱོང་དེས་ད་རུང་གུང་ཁྲན་ཏང་བཟང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ལེགས་པ། ཏང་གི་སྐད་ཆར་ཉན་པ། ཏང་གི་རྗེས་སུ་འབྲང་བ་སོགས་བརྗོད་དོན་ཡིན་པའི་སློབ་གསོའི་དྲིལ་སྒྲོག་བྱ་འགུལ་ཡང་སྤེལ།

གསབ་སྦྱོང་གིས་གཞི་རིམ་རིག་གནས་ཕོ་བྲང་གི་རིག་གནས་རྐང་འཛིན་ལས་དོན་གྱི་ཆུ་ཚད་མཐོར་འདེགས་སུ་བཏང་བ་དང་ཁོ་ཚོའི་བོད་ཀྱི་སྦྲ་ནག་བཟོ་སྟངས་དང་ཕུབ་སྟངས་རྒྱུན་འཛིན་བྱས་ཏེ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་འདུ་ཤེས་དར་སྤེལ་བཏང་ཡོད་ལ། ས་ཁོངས་ཀྱི་རིག་གནས་དར་རྒྱས་དང་འཕེལ་རྒྱས་སུ་གཏོང་བར་ཡང་སྐུལ་འདེད་དང་རམ་འདེགས་ཐད་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ཞིག་ལྡན་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།