རང་རེའི་ཞིང་ཆེན་གྱི་ལུས་རྩལ་ཐོན་ལས་རིག་མཛོད་ཀྱིས་སྐོར་དང་པོའི་ཆེད་མཁས་པ50རིག་མཛོད་དུ་འཇུག་པར་ཆོག་མཆན་གནང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5པའི་ཚེས15 ཉིན་ལ།  མཚོ་སྔོན་ཞིང་ཆེན་ལུས་རྩལ་རྒྱན་ཤོག་དོ་དམ་ལྟེ་གནས་ཀྱིས་སྤེལ་བའི་མཚོ་སྔོན་ལུས་རྩལ་ཐོན་ལས་རིག་མཛོད་སྒྲིག་འཛུགས་གྲོས་ཚོགས་ཐོག ཞིང་ཆེན་ལུས་རྩལ་ཅུའུ་ཡིས་ལུས་རྩལ་ཐོན་ལས་རིག་མཛོད་ཀྱིས་སྐོར་དང་པོའི་ཆེད་མཁས་པ50གདན་ཞུ་བྱས་པ་མ་ཟད།ད་དུང་མཚོ་སྔོན་ལུས་རྩལ་ཐོན་ལས་རིག་མཛོད་བཙུགས་པ་རེད།

ངོ་སྤྲོད་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཞིང་། ལུས་རྩལ་འཛད་སྤྱོད་ཁྲོམ་ར་རིམ་བཞིན་ཇེ་ཆེར་སོང་བ་དང་བསྟུན་ནས། ལུས་རྩལ་ཐོན་ལས་དེ་ཐོན་ལས་གསུམ་པའི་ཁྲོད་ཀྱི་གསར་དར་ཐོན་ལས་ཡིན་པའི་ཆ་ནས་བཤད་ན།  འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། ཧུར་ཐག་སྒོས་ལུས་རྩལ་ལུས་སྦྱོང་གི་ཁྲོམ་རར་འཚོལ་ཞིབ་བྱས་ནས་འཕེལ་རྒྱས་གཏོང་བ་དང་། ལུས་རྩལ་འགྲན་བསྡུར་དང་འཁྲབ་སྟོན་ཚོང་ར་གསར་སྤེལ། ལུས་རྩལ་མཁོ་ཆས་འཛད་སྤྱོད་ཚོང་ར་དར་རྒྱས་སོགས་ཚང་མའི་ཐད་ནས་ཕན་འབྲས་ཅུང་བཟང་པོ་བླངས་ཡོད་པ་རེད།

རང་རེའི་ཞིང་ཆེན་གྱི་ལུས་རྩལ་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། ཤེས་ལྡན་པའི་འཐབ་ཇུས་དང་ཤེས་ལྡན་མི་སྣ་བཅས་ཀྱི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། རྒྱ་ཁྱབ་ཏུ་ཤེས་ལྡན་མི་སྣ་མཁོ་སྤྲོད་ཀྱི་འདོད་བློ་བརྗེ་རེས་བྱས་ནས། ཪང་ཞིང་གིས་ལུས་རྩལ་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་ཆེད་ཐབས་དང་ཇུས་བཏོན་པ་དང་། ཟླ3པའི་ཚེས27 ཉིན་ནས་བཟུང་སྟེ། ཞིང་ཆེན་ལུས་རྩལ་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན80ལ 《མཚོ་སྔོན་ལུས་རྩལ་ཐོན་ལས་རིག་མཛོད་འཛུགས་ཐད་འབྲེལ་ཡོད་ཆེད་མཁས་པའི་ཆ་འཕྲིན་འདོན་པའི་སྐོར་གྱི་ཡིག་ལན》སྤྲད་ནས། ཡོངས་བསྒྲགས་སྒོས་རིག་མཛོད་ཀྱི་ཆེད་མཁས་པ་འདེམས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན།  ཐེངས་འདིའི་ཤེས་ལྡན་མི་སྣའི་རིག་མཛོད་ཁོངས་མི་གདམ་གསེས་བྱེད་པ་དེ་རང་རེའི་ཞིང་ཆེན་གྱི་ལུས་རྩལ་ཐོན་ལས་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པ་དང་། རང་རེའི་ཞིང་ཆེན་གྱི་ལུས་རྩལ་དང་། ཡུལ་སྐོར། ཕྱི་ཕྱོགས་སྤེལ་རེས་སོགས་ལ་སྐུལ་འདེད་གཏོང་བའི་ཐད་ནས་་ཉམས་མྱོང་ཅུང་ཟབ་པ། ཉམས་མྱོང་ཕུན་སུམ་ཚོགས་པའི་ཆེད་མཁས་པ། མཁས་དབང་། ཁེ་ལས་པ་དང་འབྲེལ་ཡོད་འགོ་ཁྲིད་དང་།སྤྲོ་སེམས་འཁོལ་བའི་ངང་ཞིང་ཆེན་ལུས་རྩལ་ཐོན་ལས་འཕེལ་རྒྱས་ཆེད་ཐབས་དང་ཇུས་བཏོན་པའི་མི་སྣ་བཅས་ཚུད་ཡོད་པ་རེད། ཟླ4པའི་ཚེས་30ཉིན་བར་དུ། སྡེ་ཚན་ཁག་གིས་ཞིང་ཆེན་ལུས་རྩལ་ཅུའུ་ལ་བསྡོམས་པའི་འབྲེལ་ཡོད་ཆེད་མཁས་པ60འོས་སྦྱོར་བྱས་ཡོད་པ་དང་། དེ་རྗེས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད་ནས། ཆེད་མཁས་པ་60ལས50གདན་འདྲེན་ཞུས་ནས། རང་རེའི་ཞིང་ཆེན་གྱི་ལུས་རྩལ་ཐོན་ལས་རིག་མཛོད་ཁྲོད་བཅུག་པའི་ཆེད་མཁས་པ་སྐོར་དང་པོར་འཇོག་པ་རེད།

ལོ་ཙཱ་བ། གཡང་སྐྱིད།