མཚོ་སྔོན་ཞིང་ཆེན་དུ་བསྡོམས་པས་ཁྱིམ་ཚང་ཁྲི157.34ཡོད་པ་དང་། ལོ65ཡན་གྱི་རྒན་རྒོན་ཁྲི46.73ཡོད་པ་རེད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། སྤྱི་ཟླ5པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་སྨྱན་སྦྱོར་ཚན་ཁག་ལ་མཚོ་སྔོན་ཞིང་ཆེན་གྱི2017ལོའི་ཁྱིམ་ཚང་འཕེལ་རྒྱས་སྙན་ཞུ་བསྒྲགས་པ་རེད། སྙན་ཞུ་ལས། སྤྱིའི་བསྡོམས་འབོར་ལྟར་ན། 2017ལོའི་ལོ་མཇུག་བར་དུ། ཞིང་ཆེན་ཡོངས་སུ་བསྡོམས་པས་ཁྱིམ་ཚང་ཁྲི157.34ཡོད་པ་རེད། ཁྱིམ་ཚང་ལ་མི་གྲངས4མན་གྱི་ཁྱིམ་ཚང་ཆུང་གྲས་ཆེས་མང་པ་རེད། རྒན་རྒོན་དང་བྱིས་པ་མང་པའི་ཁྱིམ་ཚང་མངོན་གསལ་གྱིས་ཇེ་མང་དུ་ཕྱིན་ཡོད། གཅིན་སྙི་ཟ་ཁུའི་ནད་དང་ཁྲག་ཤེད་མཐོ་བའི་ནད། སྙིང་ཁམས་ནད་སོགས་དལ་བའི་རང་བཞིན་གྱི་ནད་རིགས་ཀྱི་ཤུགས་རྐྱེན་ཐེབས་པའི་ཁྱིམ་ཚང་ཡང་མང་པོ་ཡོད།ཞིང་ཆེན་ཡོངས་སུ་ལོ65དང་དེའི་ཡན་གྱི་རྒན་རྒོན་ཁྲི46.73ཡོད་པ་དང་། ངལ་རྩོལ་ནུས་པའི་གྲུབ་ཆ་རིམ་བཞིན་རྒས་འཁོགས་ཅན་དུ་གྱུར་ཡོད་ལ། ངལ་རྩོལ་ནུས་པའི་ཆ་སྙོམས་ལོ་ཚོད་ལོ38.9ཡིན་པ་རེད།

རང་ཞིང་གི་ཁྱིམ་ཚང་འཕེལ་རྒྱས་ཀྱི་གནས་བབ་དང་ཁྱད་ཆོས།

ཁྱིམ་ཚང་གི་གཞི་ཁྱོན། བྱིས་པ་གཉིས་བཙའ་བའི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་བསྟུན། རང་ཞིང་གི་ཁྱིམ་ཚང་ཁོངས་མིའི་གཞི་ཁྱོན་གཞི་རྩའི་སྟེང་ནས་མི3ཡན་དང་། མི4མན་གྱི་ཁྱིམ་ཚང་ཆུང་གྲས་གཙོ་བོར་གྱུར་ཡོད། མཁར་གྲོང་ཁྲོད་ཁེར་རྐྱང་ཁྱིམ་ཚང་དང་མི་གཉིས་ཅན་གྱི་ཁྱིམ་ཚང་ཅུང་མང་པོ་ཡོད་པ་དང་། ཁྱིམ་ཚང་གི་གཞི་ཁྱོན་ཆུང་གྲས་སུ་འགྱུར་བཞིན་པའི་རྣམ་པ་མངོན་ཡོད།

རང་ཞིང་གི་ཁྱིམ་ཚང་དང་གཉེན་སྒྲིག་འབྲེལ་བའི་སྤྱིའི་རྣམ་པ་ཅུང་བརྟན་འཇགས་ཡིན་པ་རེད།དེ་དང་ཆབས་ཅིག་གཉེན་སྒྲིག་གཏན་འཇགས་མིན་པའི་རྒྱུ་རྐྱེན་སྔར་བཞིན་གནས་ཡོད་ལ། ཡང་བསྐྱར་གཉེན་སྒྲིག་ནས་ཁྱིམ་ཚང་སྐྱོང་བའི་བསྡུར་ཚད་ཅུང་མཐོ་ལ། བཟའ་འཐོར་དང་བཟའ་ཟླ་ཚེ་ལས་འདས་པའི་ཁྱིམ་ཚང་དེ་ལས་ཀྱང་མང་པོ་ཡོད།

རྒན་རྒོན་དང་བྱིས་པ་མང་པའི་ཁྱིམ་ཚང་དེ2016ལོ་ལས་མངོན་གསལ་གྱིས་ཇེ་མང་དུ་ཕྱིན་ཡོད། བྱིས་པ་གཉོར་སྐྱོང་བྱེད་བཞིན་པའི་ཁྱིམ་ཚང་ཅུང་མང་། ཁྱིམ་སྡོད་རྒན་རྒོན་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད་ལ་བུ་བུ་མོ་གཉོར་སྐྱོང་དང་ཁྱིམ་སྡོད་རྒན་རྒོན་ལ་ལྟ་སྐྱོང་བྱེད་པའི་དགོས་མཁོ་ཅུང་མཐོ་རུ་འགྲོ་བཞིན་ཡོད།།

ཁྱིམ་མིའི་བདེ་ཐང་གནས་ཚུལ། ཁྱིམ་མིིའི་ཁྲོད་འགོས་ནད་མ་ཡིན་པའི་ནད་ཕོགས་ཡོད་པའི་ཁྱིམ་ཚང་གིས་ཞིང་ཆེན་ཡོངས་ཀྱི་སྤྱིིའི་ཁྱིམ་ཚང་གི་བསྡོམས་འབོར་ལས་བརྒྱ་ཆའི20བཟུང་ཡོད།བརྒྱ་ཆའི2.8ཀྱི་ཁྱིམ་ཚང་ཁྲོད་འབྲས་སྐྲན་དང་དང་འགོས་ནད་ཚབས་ཆེན། ཀླད་རྩའི་ནད་སོགས་ཕོག་ཡོད་པའི་ནད་པ་ཡོད། གཅིན་སྙི་ཟ་ཁུའི་ནད་དང་ཁྲག་ཤེད་མཐོ་བའི་ནད། སྙིང་ཁམས་ནད་སོགས་ཀྱིས་རང་ཞིང་གི་ཁྱིམ་ཚང་ཕལ་ཆེ་བའི་བདེ་ཐང་ལ་གནོད་འཚེ་ཐེབས་ཡོད།

ཞིང་ཆེན་ཡོངས་སུ་བྱིས་པ་ཁེར་སྐྱེས་ཀྱི་ཁྱིམ་ཚང་ཁྲི17.5ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་ཁྱིམ་ཚང་སྤྱིའི་བསྡོམས་འབོར་ལས་བརྒྱ་ཆའི11.2བཟུང་ཡོད་པ་རེད།

རྒས་འཁོགས་ཅན་དུ་འགྱུར་བའི་རྣམ་པ་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པ། 2017ལོར། ཞིང་ཆེན་ཡོངས་སུ་ལོ65དང་ལོ65ཡན་གྱི་རྒན་རྒོན་ཁྲི46.73ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་གཏན་སྡོད་མི་འབོར་གྱི་བརྒྱ་ཆའི7.8བཟུང་ཡོད། ལོ80ཡན་གྱི་རྒན་རྒོན་ཁྲི7.42ཡོད་པ་དང་། སྤྱིའི་མི་འབོར་ལས་བརྒྱ་ཆའི1.24ཟིན་ཡོད། ངལ་རྩོལ་ནུས་པའི་གྲུབ་ཆ་དེ་རྒས་འཁོགས་ཅན་དུ་འགྱུར་བཞིན་ཡོད། ཞིང་ཆེན་ཡོངས་ཀྱི་ལོ15ནས64བར་གྱི་ངལ་རྩོལ་ལོ་ཚོད་མི་འབོར་དེ་ཚོད་དཔག་ལྟར་ན་མི་འབོར་ཁྲི437.37ཡས་མས་དང་། ངལ་རྩོལ་ནུས་པའི་ཆ་སྙོམས་ལོ་ཚོད38.9དང་། ལོ45དང་ལོ45ཡན་གྱི་ལོ་ཚོད་མཐོ་བའི་ངལ་རྩོལ་ནུས་ཤུགས་བརྒྱ་ཆའི39.7ལ་སླེབས།

ལོ་ཙཱ་བ། ཀླུ་མོ།