ཝང་ཅན་ཅོན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་པ་མ་ཟད་མདོ་འཛིན་བྱས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།སྤྱི་ཟླ5པའི་ཚེས15ཉིན། རང་ཞིང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་གི་ས་གནས་ལས་ཁུངས་ཀྱི་བཅོས་སྒྱུར་ཟབ་སྤེལ་ཚོགས་འདུ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2018ལོའི་ལོ་ཚོགས་ལ་ཞུགས་པར་མ་ཟད་འབྲེལ་ཡོད་བྱ་འགུལ་གྱི་གནས་ཚུལ་ཁྱབ་བསྒྲགས་དགོངས་དོན་བརྒྱུད་སྒྲོག་དང་དེར་སློབ་སྦྱོང་བྱས་པར་མ་ཟད། མཚོ་སྔོན་གྱི་ལས་ཁུངས་བཅོས་སྒྱུར་བྱ་བ་དང་། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་སོགས་ལ་ཞིབ་འཇུག་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཧྲིན་ཀྲང་ཝང་ཅན་ཅོན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་རེད།

གྲོས་ཚོགས་ལས་བསྟན་དོན། ཀྲུང་དབྱང་གིས་ས་གནས་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་ཚོགས་འདུ་བསྡུས་པ་དེས་ས་གནས་ལས་ཁུངས་ལ་དངོས་སུ་བཅོས་སྒྱུར་ལག་བསྟར་བྱས་པ་མངོན་པར་མཚོན། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་ལས་དོན་གཏིང་ཟབ་ཏུ་སྤེལ་བ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་བྱེད་ཕྱོགས་གལ་ཆེན་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་དགོངས་པ་གལ་ཆེན་ལ་གོ་བ་ཡང་དག་ལེན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་བཅས་གོང་འོག་གཅིག་ཏུ་སྦྲེལ་ནས་སློབ་སྦྱོང་མཐར་ཕྱིན་བྱེད་དགོས།“འདུ་ཤེས་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ་དང་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་དམིགས་འབེན་ལ་གོ་བ་ཡང་དག་ལོན་པར་བྱེད་པ། ཀྲུང་དབྱང་གི་བླང་བྱར་བསྟུན་པ། མཚོ་སྔོན་གྱི་ད་ཡོད་གནས་ཚུལ་དངོས་དང་ཟུང་དུ་སྦྲེལ་བ། གོང་འོག་བར་གསུམ་ཚང་མ་མཐུད་པ་བཅས་ལ་འབད་དེ། ས་གནས་ལས་ཁུངས་བཅོས་སྒྱུར་བྱ་བ་སྤེལ་བ་མཚོ་སྔོན་ཅན་དང་ལག་ལེན་ཅན། ཞིབ་ཕྲ་ཅན་བཅས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས་ཟེར།

གྲོས་ཚོགས་ལས་གྲོས་ཞིབ་བརྒྱུད་དེ《མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལག་བསྟར་བྱེད་ཐབས་སྐོར་གྱི་བསམ་འཆར》ཞེས་པར་གྲོས་འཆམ་བྱུང་བ་དང་།གྲོས་ཚོགས་ལས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།