འབའ་རྫོང་གིས་འགོས་ནད་སྔོན་འགོག་དྲིལ་སྒྲོག་བྱ་བ་རྒྱ་བསྐྱེད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།འབའ་རྫོང་གིས་འགོས་ནད་ཚབས་ཆེན་ཁག་གི་གནས་བབ་དངོས་ཁོང་དུ་ཆུད་པར་བྱ་ཆེད།དོན་དངོས་ཀྱིས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་གི་བདེ་ཐང་ལ་སྲུང་སྐྱོབ་བྱས་ཏེ།ཁྱོན་ཡོངས་ནས་འགོས་ནད་ཚབས་ཆེན་ཁག་སྔོན་འགོག་བྱེད་པའི་ནུས་པ་དང་འགོས་ནད་སྔོན་འགོག་བྱེད་པའི་ཆུ་ཚད་ཇེ་མཐོར་བཏང་།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཉེ་སྔོན་འབའ་རྫོང་དུ་ཁྱོན་ཡོངས་ནས་འགོས་ནད་སྔོན་འགོག་བྱེད་པའི་དྲིལ་སྒྲོག་ལས་དོན་རྒྱ་བསྐྱེད་པ་རེད།

འགོས་ནད་སྔོན་འགོག་བྱེད་པའི་དྲིལ་སྒྲོག་ལས་དོན་ཁྲོད།མཚོ་ལྷོ་ཁུལ་གྱིས་ཆེད་ལས་སྨན་པ་དང་ལག་རྩལ་པ80ལྷག་དང་ལས་བཟོ་བ70འདེམས་ནས།སྤྱི་ཟླ4པ་ནས་བཟུང་འབའ་རྫོང་གི་རྐ་འབའ་སུམ་མདོ་གྲོང་རྡལ་དང་།རྨ་བྱང་ཤང་།ཞོལ་མ་ཤང་།ཐང་མགོ་གྲོང་རྡལ།འབའ་ལུང་ཤང་བཅས་ཤང་དང་གྲོང་རྡལ5ཡི་སྲིད་འཛིན་སྡེ་བ73ལ་རིན་མེད་སྒོས་ལོ15ནས་ལོ59བར་གྱི་མི་གྲངས་ཁྲི3.4ལ་འགོས་ནད་སྔོན་འགོག་ཤེས་བྱའི་དྲིལ་སྒྲོག་སློབ་གསོ་དང་ཡོངས་བཤེར་ལས་དོན་རྒྱ་བསྐྱེད་པ་དང་།དུས་ཡུན་ཉིན35ཡི་རིང་འགོས་ནད་སྔོན་འགོག་དྲིལ་སྒྲོག་ལས་དོན་རྒྱ་བསྐྱེད་པ་རེད།

ཐེངས་འདིའི་འགོས་ནད་སྔོན་འགོག་གི་དྲིལ་སྒྲོག་ལས་དོན་ནུས་ཤུགས་ཡོད་རྒུས་རྒྱ་བསྐྱེད་པ་བརྒྱུད་དེ།རྫོང་ཡོངས་ཀྱི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཡོངས་ཀྱིས་མཆིན་ཚད་དང་སྦྱར་ནད།ཨེ་ཙི་འགོས་ནད།བློ་གཅོང་ནད།ཐུམ་འབུའི་ནད་སོགས་འགོས་ནད་སྔོན་འགོག་གི་འདུ་ཤེས་རིམ་བཞིན་ཇེ་མཐོར་སོང་བ་དང་།དེ་དང་མཉམ་དུ།མང་ཚོགས་རང་འགུལ་གྱི་རྩ་དོན་འོག སྲིད་གཞུང་གིས་གཙོ་ཁྲིད་དང་།སྡེ་ཁག་གི་མཉམ་འབྲེལ་འོག་ནད་པའི་འགོས་ནད་ལ་ཚན་རིག་དང་མཐུན་ཞིང་ཚད་དང་མཐུན་པའི་སྒོ་ནས་ཐེ་གཏོགས་བྱས་པས།མང་ཚོགས་ལ་གསར་དུ་འགོས་ནད་ཕོག་པར་སྔོན་འགོག་བྱེད་པའི་ཚད་དང་།འགོས་ནད་མང་ཚོགས་ཁྲོད་འགོས་པའི་ཚད་ཇེ་དམའ་རུ་གཏོང་བའི་འགོས་ནད་སྔོན་འགོག་བྱེད་པའི་ལས་དོན་དམིགས་འབེན་གྱི་ཚད་ལ་བསླེབས་ཡོད་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།