ཏང་ཀྲུང་དབྱང་གིས་ཕྱི་ཕྱོགས་ལས་དོན་ལ་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་རྣམ་པ་གསར་པ་གཏོད་དགོས།

ཞི་ཅིན་ཕིང་གིས་ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་སྐོང་འཚོགས་གནང་ནས། ཏང་ཀྲུང་དབྱང་གིས་ཕྱི་ཕྱོགས་ལས་དོན་ལ་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱབ་སྟེ་འབད་བརྩོན་ཆེན་པོས་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་སྟོན་གནང་བ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞི་ཅིན་ཕིང་གིས་སྤྱི་ཚེས་༡༥ཉིན་གྱི་སྔ་དྲོ་ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་དང་པོ་སྐོང་འཚོགས་གནང་བ་མ་ཟད་གལ་ཆེའི་གསུང་བཤད་གནང་ཡོད་པ་རེད། ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་ནས་ཕྱི་ཕྱོགས་ལས་དོན་ལ་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། མིག་སྔའི་རྒྱལ་སྤྱིའི་དུས་བབ་ཀྱི་གོང་འཕེལ་འཕོ་འགྱུར་འགྲོ་ཚུལ་གནད་ལ་འཕིགས་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཐོག་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ་དང་། གསར་གཏོད་གསར་སྐྲུན་བྱས་ནས། འབད་བརྩོན་ཆེན་པོས་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་རྣམ་པ་གསར་པ་གཏོད་པ་དང་། ལོ་བརྒྱ་ཐམ་པ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་རྒྱུར་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་ཆི་ཧྲན་གྲོས་ཚོགས་ལ་ཞུགས་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་སྐོང་འཚོགས་བྱས་ཚུན། ཏང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད་འོག་ང་ཚོས་ཧུར་བརྩོན་ཆེན་པོས་ཕྱི་འབྲེལ་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་བྱས་པ་དང་། ཕྱོགས་ཡོངས་ཀྱི་ཕྱི་འབྲེལ་བཀོད་སྒྲིག་བྱེད་ཚུལ་འཐུས་ཚང་དང་གཏིང་ཟབ་ཏུ་བཏང་བ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་འབོད་སྐུལ་དང་སྐུལ་འདེད་གཏོང་བ། འཛམ་གླིང་གི་བཅོས་སྐྱོང་མ་ལག་བསྒྱུར་བཅོས་དང་འཛུགས་སྐྲུན་ནང་གཏིང་ཟབ་ཞུགས་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་ཁེ་ཕན་བཅས་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་པ། ཏང་གིས་ཕྱི་ཕྱོགས་ལས་དོན་ལ་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་ལམ་བུ་གསར་པ་ཞིག་ཏུ་བསྐྱོད་པ་དང་། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་ནན་སྟོན་གནང་བ་དང་།

ཞི་ཅིན་ཕིང་གིས། ང་ཚོས་གནད་ལ་འཕིགས་པའི་སྒོ་ནས་རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་གི་ཆོས་ཉིད་ཁོང་དུ་ཆུད་པ་བྱེད་དགོས་པ་སྟེ། ཀྲུང་གོ་དང་འཛམ་གླིང་གོང་འཕེལ་གྱི་འཕེལ་ཕྱོགས་ལ་ངོས་འཛིན་གསལ་པོ་ཐུབ་པ་བྱེད་དགོས་ལ། མདུན་སྐྱོད་ལམ་བུའི་ཐོག་འཕྲད་པའི་ཉེ་ཁ་དང་འགྲན་རྩོད་ཀྱང་མཐོང་ཐུབ་པ་བྱས་ནས། མ་འོངས་སྔོན་འགོག་དང་། ཐག་གཅོད་འོས་འཚམ་བྱེད་པ། ལས་ཀ་ཏན་ཏིག་གིས་ཡག་པོ་བྱེད་དགོས། མིག་སྔར་དང་ཕྱིན་ཆད་དུས་སྐབས་ཤིག་རིང་། ཕྱི་འབྲེལ་བཀོད་སྒྲིག་བྱེད་ཚུལ་གཏིང་ཟབ་ཏུ་གཏོང་བ་དང་། གལ་ཆེའི་ཕྱི་འབྲེལ་བྱེད་སྒོའི་འཆར་འགོད་དོན་འཁྱོལ་བྱེད་པ། ཉེན་ཁའི་འདུ་ཤེས་ཆེ་རུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་ཁེ་ཕན་བཅས་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས་ཞེས་བསྟན་གནང་བ་དང་།

ཞི་ཅིན་ཕིང་གིས། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ནི་ང་ཚོས་མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་ལག་ལེན་གྱི་སྟེགས་བུ་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་ནང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དེ་འདུ་ཤེས་ནས་བྱ་སྤྱོད་ལ་གྱུར་པ་དང་། ཁ་ཡོད་ལག་ཡོད་ཀྱི་རྒྱལ་སྤྱིའི་མཉམ་ལས་ཤིག་ཏུ་གྱུར་ནས། ཀུན་ནས་དོ་ཁུར་བྱེད་པའི་གྲུབ་འབྲས་ཐོབ་ཡོད། སྐབས་དང་པོའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱེད་པ་དང་། ཕྱོགས་ཁག་གི་ངོས་འཛིན་གཅིག་གྱུར་གོང་བུར་སྒྲིལ་བ། མཉམ་ལས་མདུན་ལྗོངས་འཆར་འགོད་བྱེད་པ། ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ། རྒྱལ་ཁབ་ཁག་དང་འབྲེལ་གཏུག་དང་། གྲོས་མོལ། མཉམ་ལས་བཅས་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་གཏིང་ཟབ་ཏན་ཏིག་གི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ས་གནས་ཀྱི་ཕྱི་ཕྱོགས་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་འོག ས་གནས་ཀྱི་ཕྱི་ཕྱོགས་ལས་དོན་ཡག་པོ་སྒྲུབ་རྒྱུར་གཅིག་གྱུར་འཆར་འགོད་བྱེད་དགོས་པ་དང་། ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་གཅིག་བསྡུས་སྐོང་འཐེན་བྱེད་པ་དང་། ས་གནས་ཀྱི་ཐོན་ཁུངས་ལུགས་མཐུན་བཀོད་སྒྲིག་བྱེད་དགོས་ཤིང་། དམིགས་ཡུལ་ཡོད་པ་དང་། གོ་རིམ་ལྡན་པའི་སྒོ་ནས་འབྲེལ་ཡོད་ལས་ཀར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། དུས་བབ་གསར་པའི་འོག་གི་ཕྱི་ཕྱོགས་ལས་དོན་ཡག་པོ་བྱེད་པར། ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བཀོད་ཇུས་དང་གྲོས་བསྡུར་མཐུན་སྦྱོར་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་། སྟེང་གི་ཇུས་འགོད་དང་གཅིག་གྱུར་འཆར་འགོད་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཁ་ཕྱོགས་འཛིན་རྒྱུ་དང་། ཁྱོན་ཡོངས་ཇུས་འགོད། སྲིད་ཇུས་གཏན་འབེབས་བཅས་ཀྱི་ནུས་པ་མཐོ་རུ་གཏོང་བ། ཕྱི་ཕྱོགས་ལས་དོན་གྱི་སྒྲིག་གཞི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་ལས་དོན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དང་། ཞིབ་བཤེར་བྱེད་རྒྱུ། སྒྲུབ་སྐུལ་བྱེད་རྒྱུ་བཅས་དམ་འཛིན་བྱས་ནས། ཏང་ཀྲུང་དབྱང་གི་ཕྱི་ཕྱོགས་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད། གྲོས་ཚོགས་ཐོག་ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་སྒྲིག་ལམ་སོགས་ཡིག་ཆར་གྲོས་འཆམ་བྱུང་ཡོད་པ་རེད།