གཏེར་ལམ་རྫོང་གིས་སྤྱི་ཚོགས་མྱུར་སྐྱོབས་རོགས་སྒྲུབ་མ་དངུལ་ལ་བརྟེན་ནས་དམངས་ཚིས་བདེ་སྐྱིད་བསྐྲུན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། གཏེར་ལམ་རྫོང་གིས“མི་དམངས་གཙོར་འཛིན་པ་དང་དམངས་ཀྱི་དཀའ་ཁག་སེལ་བ། དམངས་ལ་ཞབས་འདེགས་ཞུ་བའི”བྱ་བའི་རྩ་དོན་རྒྱུན་འཁྱོངས་ཀྱིས“དམངས་ཚིས་ལ་འགན་བཅོལ་དང་འཆམ་མཐུན་ལ་སྐུལ་འདེད་བྱེད་པ”བརྗོད་དོན་དུ་བཟུང་ནས། སྤྱི་ཚོགས་རོགས་སྒྲུབ་བྱ་བ་སྤེལ་བ་དང་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་འཚོ་བའི་རྒྱུ་སྤུས་དང་བདེ་སྐྱིད་ཀྱི་ཚད་གཞི་མཐོར་འདེགས་སུ་བཏང་སྟེ་དམངས་ཚིས་ཀྱི་ཆེས་དམའ་བའི་ཚད་གཞི་སྲུང་འཛིན་བྱས།

མུ་མཐུད་དུ་དམངས་ཚིས་ཀྱི་ཆེས་དམའ་བའི་འགན་སྲུང་དྲྭ་རྒྱར་ཤུགས་བསྣན་ནས་གོམ་གང་མདུན་སྤོས་ཀྱིས་མཁར་གྲོང་གི་ཆེས་དམའ་བའི་འགན་སྲུང་ལམ་ལུགས་ལག་བསྟར་དང་འགུལ་རྣམ་དོ་དམ་ལ་ཤུགས་སྣོན། ལྟ་སྐུལ་དོ་དམ་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། ཞུ་གཏུག་སྙན་གསེང་ཐད་ཀྱི་ཞིབ་བཤེར་ལམ་ལུགས་གསར་འཛུགས་བྱེད་པ། མཁར་གྲོང་གི་ཆེས་དམའ་བའི་འགན་སྲུང་ལ་སྔར་ལས་སྐུལ་འདེད་ཀྱིས་བྱ་བ་དེ་སྔར་ལས་སྒྲིག་སྲོལ་ཅན་དང་དོན་དངོས་ཅན། ཕན་འབྲས་ཅན་དུ་བཏང་། དུས་ཚིགས་གཅིག་དུས་ཡུན་གཅིག་བྱས་ཏེ་གྲོང་ཁྱེར་གྱི་ཁྱིམ་ཚང550ལ་ཆེས་དམའ་བའི་འཚོ་བའི་འགན་སྲུང་མ་དངུལ་སྒོར་ཁྲི117.8བྱིན་པ་དང་། ཞིང་སྡེའི་ཁྱིམ་ཚང998ལ་ཆེས་དམའ་བའི་འཚོ་བའི་འགན་སྲུང་མ་དངུལ་སྒོར་ཁྲི163.8བྱིན།

དེ་མིན་གང་མགྱོགས་སྒོས་མྱུར་སྐྱོབས་རོགས་སྒྲུབ་དེ་དུས་ལ་ཁེལ་བ་དང་ཚན་རིག་ཚད་ལྡན་ཅན། བྱེད་ཐབས་སྣ་མང་། དོ་དམ་སྒྲིག་སྲོལ་བཅས་ཀྱིས་གནས་སྐབས་མྱུར་སྐྱོབས་རོགས་སྒྲུབ་བྱ་བའི་གནས་བབ་ཆགས་པ་དང་ཁ་གཏད་རང་བཞིན་གྱིས་རིགས་དབྱེ་ཅན་མཁོ་སྤྲོད་དང་སྒེར་གཤིས་ཅན་གྱི་མྱུར་སྐྱོབས་རོགས་སྒྲུབ། ཁྱོན་ཡོངས་ཅན་ལ་ཁེབས་པ་སོགས་ཀྱི་གློ་བུར་དོན་རྐྱེན་དང་འགལ་རྐྱེན་རང་བཞིན། གནས་སྐབས་རང་བཞིན་གྱི་དཀའ་ཁག་གིས་འཚོ་བར་དཀའ་ཁག་ཆེ་བའི་མཁར་གྲོང་མང་ཚོགས་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་གཞི་རྩའི་འཚོ་བར་འགན་སྲུང་བྱས་པ་རེད། དུས་སྔོན་མའི་ཟླ3པའི་ནང་མི་ཐེངས69ལ་རོགས་སྒྲུབ་བྱས་ཤིང་། གནས་སྐབས་མྱུར་སྐྱོབས་མ་དངུལ་སྒོར་ཁྲི32.04བྱིན་པ་རེད།

ཤང་དང་གྲོང་བརྡལ་གྱི་སྲིད་དོན་ཚོམས་ཆེན་དང་དོན་གཅོད་ཚོམས་ཆེན། སྣ་འཛོམས་ཞབས་ཞུའི་ལྟེ་གནས་སོགས་ལ་གཞི་བཅོལ་ནས་དོན་དག་གཅིག་ལ་ཐུན་མོང་གིས་རོགས་རམ་བྱས་ནས་སྒྲུབ་པའི་བརྡ་འཕྲིན་དོ་དམ་མ་ལག་ཁྱོན་ཡོངས་ནས་བེད་སྤྱད་བྱས་ཤིང་། སྐུད་ཐོག་ཐོ་འགོད་ཀྱིས་དཀའ་ཁག་ཆེ་བའི་མང་ཚོགས་ལ་རོགས་སྐྱོར་དོན་ཚན་ཐོ་འགོད་བྱེད་དུ་བཅུག་ཤིང་། དཀའ་ཁག་ཆེ་བའི་མང་ཚོགས་ཀྱིས་རོགས་སྐྱོར་རེ་འདུན་ཞུ་ཡིག་ཕུལ་བར་སྟབས་བདེ་བཟོས་ཡོད། དུས་ཚིགས་གཅིག་གི་སྨན་བཅོས་རོགས་སྒྲུབ་ནི་མི་ཐེངས204ཡིན་ལ། རོགས་སྒྲུབ་མ་དངུལ་སྒོར་ཁྲི54.52བྱིན་ཡོད།

དམིགས་གསལ་དཀའ་ཁག་ཆེ་བའི་མི་སྣ་དག་ལ་མྱུར་སྐྱོབས་རོགས་སྒྲུབ་མཁོ་སྤྲོད་ལམ་ལུགས་གསར་འཛུགས་བྱས་པ་བརྒྱུད་གྲོང་ཁྱེར་གྱི་མེད་པ་གསུམ་གྱི་མི་སྣ་ལ་རོགས་སྐྱོར་དང་ཞིང་སྡེ་ཡི་ལྔ་སྐྱོང་མི་སྣ་ལ་གསོ་སྐྱོང་མཁོ་སྤྲོད་དང་དཀའ་ཁག་གི་ཁོར་ཡུག་ནས་འཚར་ལོངས་བྱུང་བའི་བྱིས་པ་ལ་རོགས་སྐྱོར་བྱེད་པའི་བྱ་བ་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཤིང་། དོན་དངོས་ཟུང་འབྲེལ་གྱིས་མཁོ་སྤྲོད་ནང་དོན་དང་ཁ་གཏད་ཁྱབ་ཁོངས། མཁོ་སྤྲོད་རྣམ་པ། མཁོ་སྤྲོད་ཚད་ལྡན་གྱི་མཁར་གྲོང་གི་མ་དངུལ་སོགས་གཅིག་གྱུར་བྱས་ཡོད། དེ་བཞིན་དུ་དཀའ་ཁག་ཆེ་བའི་མི་སྣ་དག་ལ་གང་ནུས་ཀྱིས་རོགས་སྐྱོར་དང་གང་ནུས་ཀྱིས་གསོ་སྤེལ་བྱས་ཡོད། ད་ལོའི་དུས་ཆེན་གཉིས་ཀྱི་སྐབས་སུ་འཚོ་བར་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་ཁྱིམ་ཚང400ལ་འཚམས་འདྲི་བྱས་ཤིང་འཚམས་འདྲིའི་མ་དངུལ་སྒོར་ཁྲི20བྱིན་པ་རེད། དུས་ཚིགས་གཅིག་གི་ནང་དམིགས་གསལ་དཀའ་ཁག་ཆེ་བའི་མི་སྣ་དག་ལ་གཞི་རྩའི་འཚོ་བའི་མ་དངུལ་དང་ཉིན་རྒྱུན་བདག་སྐྱོང་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི40.59བྱིན་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།