འབྲོག་པའི་ཐོན་རྫས་རྒྱལ་སྤྱིའི་ཚོང་རར་བཏོད་པའི་བཟོ་གྲྭ་ངོ་མཚར་བ།

༢༠༡༣ལོར། ནོར་ལྷ་བཟོ་གྲྭ་འཛུགས་མཁན་ཡེ་ཤེས་བདེ་ཆེན་ལགས་ལ་༼ཁྱེད་རང་གི་དྲིན་གྱིས་ཀྲུང་གོ་སྔར་བས་མཛེས་པར་གྱུར་༽ཞེས་པའི་ཀྲུང་གོའི་འཕེལ་རྒྱས་ཐད་བྱས་རྗེས་ཆེན་པོ་བཞག་པའི་ཕྱི་རྒྱལ་བར་གཟེངས་བསྟོད་གནང་བའི་བྱ་དགའ་དེ་ཐོབ་པ།(བྱ་དགའ་དེ་ནི་ཐེན་ཅིན་རླུང་བརྙན་འཕྲིན་ལས་ཁུངས་དང་། ཤང་ཀང་ཧྥོང་ཧོང་བརྙན་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་གི་ཀྲུང་གོར་སྡོད་པའི་འཐུས་ཚབ་ཁང་བཅས་ཀྱིས་མཉམ་འབྲེལ་ངང་གཙོ་སྒྲུབ་དང་། ཀྲུང་གོའི་ཕྱི་རྒྱལ་བའི་ཆེད་མཁས་ལས་ཁུངས་ཀྱིས་རོགས་སྒྲུབ་གནང་། )

ཕ་བོད་དང་མ་ཨ་རི་བ་ཡིན་པའི་ནོར་ལྷ་བཟོ་གྲྭ་འཛུགས་མཁན་ཡེ་ཤེས་བདེ་ཆེན་ལགས།  

ནོར་ལྷས་ཐོན་སྐྱེད་བྱས་པའི་ནོར་ཁུལ་གྱི་སྐེ་དཀྲིས་ཏེ། སྐེ་དཀྲིས་འདི་དག་ནི་ས་གནས་འབྲོག་པའི་ལག་ཟུང་ལ་བརྟེན་ནས་ཐོན་པ་དང་། ཐོན་རྫས་འདི་དག་ཉོ་མཁན་ཁྲོད་རྒྱལ་སྤྱིའི་གྱོན་ཆས་ཐོན་སྐྱེད་སྤྱི་གཉེར་ཁང་གྲགས་ཅན་ནམ་རྒྱས་སྤྲས་ཚོང་ཟོང་སྟེ་ཧེར་མེ་སི་ (Hermès,爱马仕)དང་། ལོ་ཝེ་སི་ཝེ་ཁྲོན (Louis Vuitton,路易威登) སོ་ཉི་ཡ་(Sonya,索尼娅) སོགས་ལྟ་བུའང་ཚུད་ཡོད།

ནོར་ཁུལ་གྱིས་བཏགས་པའི་ནོར་ལྷ་རྟགས་ཅན་གྱི་སྐེ་དཀྲིས་སམ་ཕྲག་ཁེབས།

ནོར་ལྷ་བཟོ་གྲྭ་དང་དེ་ཐོག་མར་འཛུགས་སྐབས་ཀྱི་རྣམ་པ་སྟེ།  བཟོ་གྲྭ་དེ་ནི་ས་བབ་མཐོ་ཚད་ལ་མཚོ་ངོས་ལས་སྨི་༣༢༠༠ཡོད་པའི་ཀན་ལྷོ་ཁུལ་མཛོད་དགེ་རུ་སྟོད་མ་ཤང་རུ་སྟོད་མ་གྲོང་ཚོ་རུ་ཡོད།  

ཁུ་ལུ་ནི་གནག་ཕྱུགས་སོགས་རྩིད་པ་ཅན་གྱི་སེམས་ཅན་གྱི་རྒྱབ་དང་རྩིད་གསེབ་ཏུ་སྐྱེས་པའི་སྤུ་འཇམ་ལ་ཐུང་བ་ལོ་ལྟར་རང་བཞིན་གྱིས་བརྗེ་པོ་བྱེད་པ་ཞིག་ཡིན་ཞིང་། སྤུ་རྩུབ་མོ་ལ་གྲ་དང་སྤུ་ཕྲ་མོ་ལ་ཁུ་ལུ་ཟེར།

ནོར་ལྷའི་ལས་བཟོ་བས་ཁུ་ལུ་འཁལ་འཐག་བྱེད་བཞིན་པ་སྟེ། ཁོང་ཚོས་རྒྱ་གར་དང་བལ་ཡུལ། ཁམ་བྷོ་ཊི་སོགས་རྒྱལ་ཁབ་ཀྱི་འཁེལ་འཐག་ལག་རྩལ་སྦྱངས་ཡོད།  

ནོར་ལྷས་ཐོན་སྐྱེད་བྱས་པའི་ནོར་ཁུལ་གྱི་སྐེ་དཀྲིས་ཏེ། ལོ་རེར་སྐེ་དཀྲིས་འདི་འདྲ་ཁྲི་ལ་ཉེ་བ་ཐོན་སྐྱེད་བྱེད་བཞིན་ཡོད།

ནོར་ལྷ་རྟགས་ཅན་གྱི་སྐེ་དཀྲིས་སོགས་ཀྱི་ཐོན་རྫས་ལ་ཧྥ་རན་སིས་གཙོ་བྱས་པའི་ཕྱིའི་རྒྱལ་ཁབ་ཁག་ཅིག་གི་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད་ཅིང་། ཐོན་རྫས་དེ་དག་གིས་ས་དེའི་འབྲོག་པའི་འཚོ་བར་འགྱུར་བ་ཆེན་པོ་ཐེབས།  

ནོར་ལྷ་ཞེས་པའི་བཟོ་གྲྭ་འཛུགས་མཁན་ནི་ཕ་བོད་དང་མ་ཨ་རི་ནས་ཡིན་ཞིང་མིང་ལ་ཡེ་ཤེས་བདེ་ཆེན་ཞེས་འབོད་པའི་ན་གཞོན་སྐྱེས་མ་བློ་སྤོབས་དང་ལྡན་པ་ཞིག་ཡིན་ལ། མཛོད་དགེའི་རུ་སྟོད་མའི་འབྲོག་པའི་འཚོ་བ་སྤྱི་དང་སྒོས་སུ་ས་དེའི་སྐྱེས་མ་ཚོའི་དཀའ་ཚེགས་ཆེ་བའི་འཚོ་བར་འགྱུར་བ་གཏོང་ཆེད། ཡེ་ཤེས་བདེ་ཆེན་གྱིས་ཨ་རི་ནས་སློབ་གྲྭ་ཆེན་མོ་མཐར་ཕྱིན་རྗེས་དཀའ་ངལ་མང་པོ་ཁྱད་དུ་བསད་དེ་ས་དེར་ཕྱིན་ཞིང་ཡུལ་བབ་དང་བསྟུན་ནས་བཟོ་གྲྭ་འདི་བཙུགས།

ནོར་ཁུལ་གྱི་བཟོ་གྲྭ་འདི་བྱུང་བ་ནས་བཟུང་། ས་དེའི་འབྲོག་པ་རྣམས་ཀྱི་ཡོང་འབབ་ཇེ་མང་དུ་ཕྱིན་པ་མ་ཟད། མཐོང་རྒྱ་ཇེ་ཆེར་གྱུར་ཞིང་ཚེ་རབས་དུ་མར་ནོར་རྫི་ཁོ་ན་བྱེད་པའི་སྲོལ་རྒྱུན་གྱི་འཚོ་བར་འགྱུར་བ་བྱུང་མགོ་བརྩམས།    

ནོར་ལྷའི་ལས་བཟོ་བ་རྣམས་ཕྱི་རྒྱལ་དུ་སློབ་སྦྱོང་ལ་ཕྱིན་པ།  

ནོར་ལྷའི་ལས་ཀ་བ་མང་ཤོས་འབྲོག་པ་རྐྱང་རྐྱང་ཡིན་ཞིང་འཐུས་སྒོ་ཚང་བའི་སློབ་གྲྭའི་སློབ་གསོ་མྱངས་མཁན་མེད་སྟབས་བཟོ་གྲྭ་ཐོག་མར་ཚུགས་སྐབས་དབྱིན་ཡིག་དང་གློག་ཀླད་སོགས་ཕར་ཞོག ཐ་ན་བོད་ཡིག་གི་འབྲི་ཀློག་མགོ་རྔ་ཚང་བ་ཞིག་ཤེས་མཁན་ཡང་མེད་མོད། ཡིན་ནའང་བཟོ་གྲྭའི་དོ་དམ་པས་ལས་ཀའི་ཞོར་དུ་རྣམ་པ་འདྲ་མིན་གྱི་སློབ་ཁྲིད་དང་སྦྱོང་བརྡར་བྱས་པ་དང་། འབྲོག་པ་ཁོང་རང་ཚོའི་ཡུན་རིང་གི་འབད་པ་དང་བརྩོན་འགྲུས་བཅས་ལ་བརྟེན། ད་ལྟ་ཁོང་ཚོས་ཁུ་ལུའི་འཁལ་འཐག་ལག་རྩལ་ཁོང་དུ་ཆུད་ཡོད་པ་མ་ཟད། ལས་ཀར་མཁོ་བའི་དབྱིན་ཡིག་དང་གློག་ཀླད་སོགས་ཀྱང་ཤེས་ཀྱི་ཡོད།

ནོར་ཁུལ་གྱིས་བཏགས་པའི་ནོར་ལྷ་རྟགས་ཅན་གྱི་ཁུག་མ།

ནོར་ཁུལ་གྱིས་བཏགས་པའི་ནོར་ལྷ་རྟགས་ཅན་གྱི་སྐེ་དཀྲིས་སོགས།

ནོར་ལྷའི་བཟོ་གྲྭ་ཡོད་ས་ས་མཐའི་གྲོང་གསེབ་ཅིག་ཡིན་ནའང་། ཉེ་བའི་ལོ་འདི་འགར་རྒྱལ་ཁབ་ཕྱི་ནང་ཀུན་ནས་དོ་སྣང་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྱུར་བཞིན་ཡོད་ལ། རྒྱལ་སྤྱིའི་ཐོག་སྐད་གྲགས་ཡོད་པའི་ཚོང་བ་དང་དཔོན་པོ། མཁས་པ་དང་ཆབ་སྲིད་པ་བཅས་ཚུད་པའི་ཕྱོགས་ཀྱི་མ་བོས་མགྲོན་པོ་གྲོག་ཚང་བརྡོལ་བ་བཞིན་བཟོ་གྲྭར་གཟིགས་ཞིབ་ཏུ་ཡོང་བཞིན་པ་དང་། བཟོ་གྲྭས་ཀྱང་འཆར་གཞི་ལྡན་པའི་སྒོ་ནས་ནོར་ལྷའི་དོ་དམ་པ་དང་སྐུ་མགྲོན་ཕན་ཚུན་བར་བསམ་བློ་བརྗེ་རེས་དང་ཁ་བརྡ་གོ་བསྐོན་བྱེད་པའི་གོ་སྐབས་རབ་དང་རིམ་པ་སྤྲོད་བཞིན་ཡོད།

ནོར་ལྷ་རྟགས་ཅན་གྱི་ཉལ་གོས་སོགས།

ཡེ་ཤེས་བདེ་ཆེན་དང་མོའི་ཨ་མ་ལགས།

ནོར་ལྷ་བཟོ་གྲྭས་ཡུལ་དེའི་མི་སེར་ལ་ཕྱུགས་རིགས་འཚོ་སྐྱོང་ཁོ་ན་མ་ཡིན་པར་འཁལ་འཐག་ཐོན་རྫས་ལས་སྣོན་ལ་བརྟེན་ཏེ་རང་རྐྱ་འཕེར་བའི་སྒོ་ནས་འབྱོར་བ་བསྐྲུན་པའི་ལམ་བུ་གཞན་ཞིག་བཏོད་པ་དེར་མི་ཀུན་གྱིས་བསྟོད་པའི་མཐེ་བོང་སྒྲེང་ཡུལ་དུ་གྱུར་ཡོད།

ལས་བཟོ་བ་ཕལ་ཆེར་ས་གནས་འབྲོག་པ་ཡིན་པའི་ནོར་ལྷ་ཚང་།