ཤོག་བུ་དེ་བརླག་ན་ཁ་ལོ་བའི་ཐོབ་ཐང་ཤོར་བ་རེད།

ཉེ་ཆར། ཁ་ལོ་བ་གསར་པ་ཁག་ཅིག་གིས། དངོས་སྦྱོང་གི་དུས་ཚོད་ཡོལ་རྗེས་རླངས་འཁོར་ལག་ཁྱེར་གྱི་བུ་ཤོག་བརྗེ་དགོས་མིན་དང་། བུ་ཤོག་གི་ཕན་ནུས། དེ་དག་བརླག་ཚེ་སྐྱོན་གང་ཡོད་མེད་སོགས་འདྲི་བཞིན་འདུག རླངས་འཁོར་ལག་ཁྱེར་དང་འབྲེལ་བའི་ཤེས་བྱ་མང་པོ་ཞིག ཁ་ལོ་བ་མང་པོ་ཞིག་གིས་ཤེས་ཀྱི་མེད་པས། ང་ཚོས་དེའི་སྐོར་གྱི་ཤེས་བྱ་ལ་རྒྱུས་ལོན་རགས་ཙམ་བྱ།  

རླངས་འཁོར་ལག་ཁྱེར་གྱི་བུ་ཤོག་ལ་ཕན་ཐོགས་གང་ཡོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཕྲུལ་སྒུལ་འཁོར་ལོའི་ལག་ཁྱེར་ནི་མ་ཤོག་དང་བུ་ཤོག་གཉིས་ལས་གྲུབ་པ་ཞིག་ཡིན། བུ་ཤོག་ནང་རླངས་འཁོར་ལག་ཁྱེར་གྱི་ཡིག་ཚགས་ཨང་གྲངས་དང་འབྲེལ་ཡོད་དོན་ཚན་གྱི་ཆེད་སྤྱོད་ཤོག་ངོས་ཡོད་པས། དེ་གཉིས་ལས་གང་རུང་ཞིག་མེད་ཀྱང་མི་རུང་།

རླངས་འཁོར་ལག་ཁྱེར་གྱི་བུ་ཤོག་མེད་པའི་འཕྲུལ་སྒུལ་འཁོར་ལོའི་ལག་ཁྱེར་ལ་ནུས་པ་མེད་ལ། རླངས་འཁོར་ལག་ཁྱེར་གྱི་བུ་ཤོག་ཡོད་ཀྱང་རླངས་འཁོར་ལག་ཁྱེར་མེད་ཚེ། གོང་དང་འདྲ་བར་ནུས་པ་ཐོན་མི་ཐུབ།

བུ་ཤོག་ཐོག་གི་ཡིག་ཚགས་ཨང་གྲངས་ལ་ནུས་པ་གང་ཡོད།

ཡིག་ཚགས་ཨང་གྲངས་ནི་དོན་དུ་རླངས་འཁོར་ལག་ཁྱེར་གྱི་ཐོབ་ཐང་ཨང་གྲངས་ཡིན། རླངས་འཁོར་ལག་ཁྱེར་རེར་ཡིག་ཚགས་ཨང་གྲངས་གཅིག་ལས་མེད་པ་ནི་མི་རེར་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་གཅིག་ལས་མེད་པ་ལྟར་ཡིན། ཡིག་ཚགས་ཨང་གྲངས་ལ་བརྟེན་ནས་ཁྱེད་རང་གི་རླངས་འཁོར་དོ་དམ་ཁང་གང་ཡིན་པ་དང་། སོ་སོའི་སྐར་མའི་གནས་ཚུལ་སོགས་འཚོལ་བཤེར་བྱ་ཐུབ།

ཡིག་ཚགས་ཨང་གྲངས་ནི་ཨང་ཀི་༡༢ལས་གྲུབ་ཅིང་། མདུན་གྱི་གྲངས་གནས་༢ནི་ཞིང་ཆེན་གྱི་ཚབ་རྟགས་དང་། གྲངས་གནས་༣པ་ནས་༤བར་ནི་ས་ཁུལ་དང་གྲོང་ཁྱེར་གྱི་ཚབ་རྟགས། མཇུག་གི་གྲངས་གནས་༨ནི་རླངས་འཁོར་ལག་ཁྱེར་གྱི་གོ་རིམ་ཨང་རྟགས་བཅས་ཡིན་ཞིང་། ས་ཆ་ཁག་གི་རླངས་འཁོར་དོ་དམ་ཁང་ནས་གོ་རིམ་དབྱེ་འབྱེད་བྱེད་ཀྱི་ཡོད།

རླངས་འཁོར་ལག་ཁྱེར་གྱི་དངོས་སྦྱོང་དུས་ཚོད་ཡོལ་རྗེས་བུ་ཤོག་བརྗེ་དགོས་སམ།

རླངས་འཁོར་ལག་ཁྱེར་རིགས་A.Bཡོད་པའི་ཁ་ལོ་པས། དངོས་སྦྱོང་ཡོལ་རྗེས་ཀྱི་ཉིན་སུམ་བཅུའི་ནང་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་། འགྲིམ་འགྲུལ་བདེ་འཇགས་ཤེས་དཔལ་འཁོར་གཏོང་། སྟབས་བསྟུན་ཐག་གཅོད་སོགས་ཀྱི་འབྲེལ་ཡོད་ཤེས་བྱར་ཡིག་རྒྱུགས་གཏོང་དགོས། (དངོས་སྦྱོང་ཚར་རྗེས་ཡིག་རྒྱུགས་གཏོང་དགོས)

ཡིག་རྒྱུགས་བཏང་སྟེ་རླངས་འཁོར་དོ་དམ་ཁང་ནས་ཡིག་རྒྱུགས་ལོན་པ་གཏན་འཁེལ་བྱས་རྗེས། ལག་ཁྱེར་གྱི་བུ་ཤོག་ཐོག་དངོས་སྦྱོང་ཡིག་རྒྱུགས་ཚད་གཞི་ལོན་ཞེས་ཐད་ཀར་འགོད་ཆོག། ཁག་ཅིག་གིས་དངོས་སྦྱོང་ཡིག་རྒྱུགས་ལོན་རྗེས་རླངས་འཁོར་ལག་ཁྱེར་གྱི་བུ་ཤོག་བརྗེ་དགོས་པར་ངོས་འཛིན་བྱེད་ཀྱི་ཡོད་རུང་། དོན་དུ་དེ་ལྟར་ག་ལ་ཡིན།

ཡིད་གཟབ་བྱ་དགོས་པ་ཞིག་ནི་རླངས་འཁོར་ལག་ཁྱེར་གྱི་བུ་ཤོག་ལ་འགྱིག་ཐུམ་རྒྱག་མི་རུང་སྟེ།

སློབ་མ་ཁག་ཅིག་གིས་རླངས་འཁོར་ལག་ཁྱེར་བླངས་རྗེས། བུ་ཤོག་གི་ཤོག་བུ་རྙིང་བར་དོགས་ནས་འགྱིག་ཐུམ་རྒྱག་གི་ཡོད། དེར་ཉེན་རྟོག་པས་བུ་ཤོག་ལ་འགྱིག་ཐུམ་རྒྱག་མི་རུང་བར་བརྗོད་ཀྱིན་ཡོད་དེ། དེའི་རྒྱུ་མཚན་ནི་མ་ཤོག་དང་བུ་ཤོག་གཉིས་པོའི་བྱེད་ནུས་གཅིག་མཚུངས་མིན་པས་རེད།

བུ་ཤོག་གི་ཐོག་ཁ་ལོ་བའི་རྩ་བའི་ཆ་འཕྲིན་དང་རླངས་འཁོར་གྱི་ཨང་རྟགས་བཅས་ཡོད་པ་དང་། གལ་ཆེའི་ཆ་འཕྲིན་དེ་དག་མི་བསུབ་པའི་ཆེད་དུ་མ་ཤོག་ལ་འགྱིག་ཐུམ་བརྒྱབ་ཡོད། བུ་ཤོག་ཐོག་དྲན་སྐུལ་གྱི་དོན་ཚན་བཀོད་ཡོད་པ་མ་ཟད། ད་དུང་འབྲེལ་ཡོད་ཀྱི་ཡི་གེ་དེའི་སྟེང་འགོད་དགོས་པས་འགྱིག་ཐུམ་རྒྱག་མི་རུང་།  

རླངས་འཁོར་ལག་ཁྱེར་གྱི་གཙོ་ཨང་ཟེར་བ་གང་ཡིན།

རླངས་འཁོར་ལག་ཁྱེར་གྱི་རྒྱབ་ངོས་ལ་གྲངས་གནས་༡༣ཡོད་པ་ནི་རླངས་འཁོར་ལག་ཁྱེར་གྱི་གཙོ་ཨང་ཡིན། མདུན་གྱི་གྲངས་གནས་༢ནི་ཞིང་ཆེན་གྱི་ཚབ་རྟགས་དང་། གྲངས་གནས་༣ནི་ར་སྤྲོད་ཨང་གྲངས། མཇུག་གི་གྲངས་གནས་༡༠ནི་གོ་རིམ་ཨང་རྟགས་བཅས་ཡིན་པས། རླངས་འཁོར་གྱི་ལག་ཁྱེར་ཚང་མའི་གཙོ་ཨང་གཅིག་མཚུངས་མ་ཡིན།

གལ་སྲིད་རླངས་འཁོར་ལག་ཁྱེར་བརླག་ཚེ། རླངས་འཁོར་དོ་དམ་ཁང་བརྒྱུད་ནས་ལག་ཁྱེར་གསར་པ་བླངས་ཆོག ལག་ཁྱེར་རྙིང་པའི་ཐོག་གི་གཙོ་ཨང་རྩིས་མེད་བཏང་སྟེ། ལག་ཁྱེར་གསར་པའི་གཙོ་ཨང་གསར་པ་ཞིག་སྙན་ཞུ་བྱ་དགོས།

ཉེན་རྟོག་པར་དོགས་ཡོད་རླངས་འཁོར་ལག་ཁྱེར་དང་འཕྲད་ཚེ། གཙོ་ཨང་ལ་བརྟེན་ནས་རླངས་འཁོར་ལག་ཁྱེར་གྱི་བདེན་རྫུན་དབྱེ་འབྱེད་བྱ་དགོས།

ད་ལྟ། རླངས་འཁོར་ལག་ཁྱེར་གྱི་བུ་ཤོག་གལ་ཆེན་པོ་ག་ཚོད་ཡོད་མེད་ཁྱེད་ཀྱི་ཤེས་སོང་ངམ།