འབའ་རྫོང་གུང་གཞོན་ཚོགས་པ་རྫོང་ཨུད་རྩ་འཛུགས་ཀྱིས་འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།  ཉེ་སྔོན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་གི་གུང་གཞོན་ཚོགས་པ་རྫོང་ཨུད་ཀྱིས་མི་རིགས་སློབ་འབྲིང་དང་པོ་དང་གཉིས་པ། རྫོང་ཁྲེང་ཀོན་སློབ་གྲྭ  རྒྱལ་ཁབ་ས་གནས་ཁྲལ་དོན་ཅུས་ཀྱི་གཞོན་ནུ་དང་བླངས་པ་བཅས་མི700ལྷག་རྩ་འཛུགས་བྱས་ཏེ། འབའ་རྫོང་འོས་འགན་སྡོང་འཛུགས་རྟེན་གཞི་ནས་འོས་འགན་སྡོང་འཛུགས་ཀྱི་བྱེད་སྒོ་སྤེལ་བ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་སྡོང་འཛུགས་བྱེད་སྒོའི་སྟེང་། གུང་གཞོན་ཚོགས་པ་རྫོང་ཨུད་ཀྱིས་“སྡོང་འཛུགས་དང་ལྗང་སྒྱུར་ལ་དགའ་ཞེན་ཆེ་ཞིང་། ལྗང་སྒྱུར་ལ་སྲུང་སྐྱོང་བྱེད།”ཅེས་པའི་གཞོན་ནུའི་སྡོང་འཛུགས་ལྗང་སྒྱུར་བྱང་བུ་ཇུས་འགོད་བྱས་པ་དང་། གཟའ་འཁོར་གཅིག་རིང་གི་སྡོང་འཛུགས་བྱེད་སྒོའི་རིང་སྡོང་འཛུགས་ལྗང་སྒྱུར་བྱང་བུ1000ལྷག་སྤྲད་ཅིང་། བྱང་བུའི་བཟོ་ལྟ་ནི་སྡོང་བོའི་ལོ་མ་དང་འདྲ་ལ། སྡོང་འཛུགས་ནགས་སྐྲུན་བྱེད་མཁན་གྱི་ལྗང་མདོག་གི་རེ་འདུན་མཚོན་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།