ཐེམ་ཆེན་རྫོང་ཞིན་ཡོན་གྲོང་རྡལ་དར་ལྕོག་སྡེ་བས་འབྲོག་དམངས་ལུས་རྩལ་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ།

བྱ་འགུལ་གྱི་ཡུལ་དངོས།

ཟླ5བའི་ཚེས19ཉིན། "གུང་ཁྲན་ཏང་བཟང་། སྤྱི་ཁྱབ་ཧྲུའུ་ཅི་བཟང་། ཏང་གི་བཀའ་ལ་ཉན། ཏང་གི་རྗེས་སུ་འབྲང"ཞེས་པ་བརྗོད་བྱ་ཡིན་པའི་ཐེམ་ཆེན་རྫོང་ཞིན་ཡོན་གྲོང་རྡལ་དར་ལྕོག་སྡེ་བས་མི་རིགས་མཐུན་སྒྲིལ་ཡར་སྐུལ་འབྲོག་དམངས་ལུས་རྩལ་འགྲན་བསྡུར་གྱི་བྱ་འགུལ་སྤེལ། བྱ་འགུལ་དུ་ཞིན་ཡོན་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་དང་། དར་ལྕོག་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་གཙོས་སྡེ་མི50ལྷག་ཞུགས་པ་རེད།

སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅུ། སྡེ་དཔོན་ལྷ་བྷེ་ཚེ་རིང་།

བྱ་འགུལ་གྱི་གོ་རིམ་ཁག་བཞི་རུ་གྲུབ་ཡོད་དེ། དང་པོ་ནི་སྡེ་བའི་སྡེ་དཔོན་གྱིས་སྡེ་མི་ཡོངས་ལ་"གུང་ཁྲན་ཏང་བཟང་། སྤྱི་ཁྱབ་ཧྲུའུ་ཅུ་བཟང་། ཏང་གི་བཀའ་ལ་ཉན། ཏང་གི་རྗེས་སུ་འབྲང"ཞེས་པ་བརྗོད་བྱ་ཡིན་པའི་ཀྲུང་དབྱང་དང་ཞིང་ཆེན། ཁུལ། རྫོང་རིམ་པའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལ་སློབ་སྦྱོང་དང་སྲིད་ཇུས་དྲིལ་བསྒྲགས་བྱས། གཉིས་པ་ནི་རྒྱལ་ཁབ་ཀྱི་སྲིད་ཇུས་དང་མི་རིགས་མཐུན་སྒྲིལ། དབུལ་ཐར། བོད་མི་རིགས་ཀྱི་སྲོལ་རྒྱུན་ཤེས་བྱ་སོགས་ཀྱི་སྲིད་ཇུས་རབ་དང་རིམ་པའི་རྒྱུན་ཤེས་དྲི་བ་དྲིས་ལན་གྱི་འགྲན་བསྡུར་བྱས་ལ། སྡེ་མི་ཡོངས་ཀྱི་ལུས་དོགས་སྔོན་འཚང་གིས་དྲི་བ་ལ་ལན་བཏབས་པ་རེད། གསུམ་པ་ནི་སྔོན་ཐོན་ཏང་ཡོན་རྒན་པ་དང་སྔོན་ཐོན་ཁྱིམ་ཚང་། ན་གཞོན་དཔེ་ལེགས་ཅན། ཁེ་ལས་དཔེ་ལེགས་ཅན། ཨ་ནེ་བཟང་པོ། མག་པ་བཟང་པོ། མནའ་མ་བཟང་པོ་བཅས་བསྡོམས་པའི་མི༢༠ལྷག་ལ་གཟེངས་བསྟོད་དཔང་ཡིག་དང་སྒོར་མོ500ཡི་བྱ་དགའ་བྱིན། བཞི་བ་ནི་ལུས་རྩལ་རྣམ་གྲངས་ཏེ། རྟ་རྒྱུག་དང་ས་འཇོག རྐང་རྒྱུག གླང་ཆེན་ས་གཤགས་བཅས་ཡོད་པ་རེད།

སྡེ་བའི་སྡེ་མིའམ་ཏང་ཡོན་རྒན་པ་གནམ་དཀར།

སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི། སྡེ་དཔོན་ལྷ་བྷེ་ཚེ་རིང་གིས་བཤད་རྒྱུར། "རང་ཉིད་སྡེ་བའི་ཧྲུའུ་ཅི་དང་སྡེ་དཔོན་འགན་གཅིག་ལྕོགས་ཡིན་པའི་ཆ་ནས་ཏང་གི་སྲིད་ཇུས་རབ་དང་རིམ་པ་དྲིལ་སྒྲོག་དང་སྡེ་བའི་སྡེ་མི་ཡོངས་སྣེ་ཁྲིད་དེ་ཏང་གི་བཀའ་ལ་ཉན་ནས་ཏང་གི་རྗེས་སུ་འབྲང་རྒྱུ་ནི་འོས་འགན་ཞིག་ཡིན་པ་བཤད་མ་དགོས་པ་རེད། དེ་བས་དེ་རིང་ང་ཚོ་སྡེ་བས་ལུས་རྩལ་འགྲན་བསྡུར་འདི་སྤེལ་བའི་དམིགས་བྱ་ནི་རྟ་རྒྱུག་རྐྱང་རྐྱང་དང་གླུ་ལེན་གར་རྩེད་ཙམ་གྱི་རྣམ་པ་མིན་པར་བྱ་འགུལ་འདི་འདྲ་སྤེལ་ནས་སྡེ་མི་ཡོངས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ཤེས་སུ་འཇུག་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གཙོ་བྱས་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་གི་སྲིད་ཇུས་བཟང་བོ་དྲིལ་སྒྲོག་དང་། " གུང་ཁྲན་ཏང་བཟང་། སྤྱི་ཁྱབ་ཧྲུའུ་ཅི་བཟང་། ཏང་གི་བཀའ་ལ་ཉན། ཏང་གི་རྗེས་སུ་འབྲང"ཞེས་པའི་བྱ་འགུལ་འདིའི་གལ་ཆེན་རང་བཞིན་གྱི་འདུ་ཤེས་མཐོར་འདེགས་སུ་གཏོང་བ་ཡིན། རྗེས་མུར། མུ་མཐུད་དུ་རང་ཉིད་གཙོ་བྱས་ཏེ་དར་ལྕོག་སྡེ་བའི་སྡེ་མི་ཡོངས་སྣེ་ཁྲིད་དེ་འབྱོར་འབྲིང་སྤྱི་ཚོགས་སུ་འགྲོ་བར་འབད་པ་ཧུར་ཐག་བྱེད་རྒྱུ་ཡིན"ཟེར།

སྡེ་བའི་དབུལ་ཐར་སྡེ་མི་དབང་གྲགས་རྒྱལ།

སྡེ་བའི་སྡེ་མིའམ་ཏང་ཡོན་རྒན་པ་གནམ་དཀར་གྱིས་བཤད་རྒྱུར།" དེ་རིང་གི་བྱ་འགུལ་འདི་འདྲ་བརྒྱུད་དེ་རང་ཉིད་ལ་བསམ་ཚུལ་ཞིག་ཡོད་པ་ནི། ཀྲུའུ་ཞི་ཞི་ཅིན་ཕེང་གཙོ་བྱས་ཏང་ཀྲུང་དབྱང་གི་སྲིད་ཇུས་ནི་ཡང་དག་པའི་སྲིད་ཇུས་ཡིན་པ་དང་ཏང་གི་སྲིད་ཇུས་བཟང་བོ་མང་ཚོགས་ཀྱི་སྟེང་ལ་དངོས་འབེབས་བྱེད་བཞིན་པ་ཚོར་ཡོང་སྟེ། དཔེར་ན་ཆུ་གློག་ལམ་གསུམ་དང་རྒན་གསོ། སྨན་བཅོས། སློབ་གསོ། དབུལ་སྐྱོར་སོགས་ཀྱི་སྲིད་ཇུས་བཟང་བོ་ཉི་མ་ཤར་བ་ལྟ་བུའི་འོད་སྟོང་འཕྲོ་བཞིན་པ་རེད། ལྷག་པར་རང་ཉིད་ཏང་ཡོན་རྒན་པ་ཞིག་ཡིན་པའི་ཆ་ནས། ང་ཚོའི་བརྗེད་མི་རུང་བ་ནི་ཏང་གི་སྲིད་ཇུས་དང་ཏང་གི་འགོ་ཁྲིད་ཡིན་ལ། ནམ་ཡང་ཏང་ལ་བརྩི་སྲུང་དང་ཏང་གི་རྗེས་སུ་འབྲང་བ་ནི་གལ་ཆེན་རེད"ཟེར།

སྡེ་བའི་སྡེ་དཔོན་གྱིས་སྲིད་ཇུས་དྲིལ་བསྒྲགས་བྱེད་བཞིན་པ།

སྡེ་བའི་དབུལ་ཐར་སྡེ་མི་དབང་གྲགས་རྒྱལ་གྱིས་བཤད་རྒྱུར། "ང་ནི་རྒྱལ་ཁབ་ཀྱི་དབུལ་སྐྱོར་བྱས་པའི་ཁྱིམ་ཚང་ཞིག་ཡིན། རྒྱལ་ཁབ་ཀྱི་བཀའ་དྲིན་ལ་ང་ལ་རྫོང་མཁར་ན་ཁང་པ་དང་འབྲོག་ས་ན་དྲོད་ཁང་། དོང་ཆུ་སོགས་ཀྱི་འཛུགས་སྐྲུན་བྱས་ཡོད་ལ། ད་དུང་སྡེ་བའི་ནགས་སྲུང་གི་ནང་དུ་བཞག་ཏེ་ཟླ་རེར་སྒོར༡༣༠༠ཡི་ཟླ་ཕོག་སྟེར་བཞིན་ཡོད། འདི་ཚང་མ་ནི་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ཡིན་པ་ངས་བརྗེད་མི་སྲིད་ལ། རང་ཉིད་ཀྱིས་ཀྱང་མུ་མཐུད་དུ་ཐོན་སྐྱེད་དང་འཚོ་བའི་ཕྱོགས་ལ་འབད་འབུངས་བྱེད་རྒྱུའི་ཆོད་སེམས་ཡོད"ཟེར།

སྔོན་ཐོན་ཏང་ཡོན་རྒན་པ།

ཐེངས་འདིའི་དར་ལྕོག་སྡེ་བའི་ལུས་རྩལ་འགྲན་བསྡུར་འདི་འདྲ་སྤེལ་བ་འདིས་སྡེ་མི་ཡོངས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་གོ་བ་གསར་བ་ལོན་པ་དང་ཁྱིམ་མཚེས་རུ་སྡེའི་མཐུན་སྒྲིལ་གྱི་འདུ་ཤེས་སྔར་ལས་ཇེ་ཟབ་ཏུ་འགྲོ་བ། གཞི་རིམ་ཏང་རྩ་འཛུགས་སྡེ་ཁག་གི་བྱ་བའི་ཁ་ཕྱོགས་ལ་ཚེ་སྲོག་གསར་བ་བསྣན་པར་རྨང་གཞི་བཏིངས་བ་རེད།

སྔོན་ཐོན་ཁྱིམ་ཚང་།

ཨ་ནེ་བཟང་པོ།

མག་པ་བཟང་པོ།

མནའ་མ་བཟང་པོ།

ན་གཞོན་དཔེ་ལེགས་ཅན།

སྔོན་ཐོན་ཁེ་ལས་པ།

ལུས་རྩལ་བྱ་འགུལ་གྱི་ཟུར་ཞིག

གསར་འགོད་པ། གཅོད་པ་ཐར།