རྡོ་རྗེ་ཚེ་རིང་གི་ནོར་ཁུལ་འཐག་ལས་ཀྱི་དབུལ་ཐར་ལམ་བུ།

རྡོ་རྗེ་ཚེ་རིང་གི“གཡག”ནོར་ཁུལ་ལག་ཤེས་བཟོ་རྩལ་སྒྲིག་བཟོ་ལས་དོན་ཁང་།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།  ལོ36ཡིན་པའི་རྡོ་རྗེ་ཚེ་རིང་ནི་ནོར་ཁུལ་ཚོང་རྟགས“གཡག”གི་གསར་གཏོད་པ་ཡིན།  ཁོ་རང་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་བརྡལ་ནས་འཚར་ལོངས་བྱུང་བ་རེད།   ཁོས་བཤད་རྒྱུར“ནོར་ནག་གི་ལུས་ཧྲིལ་པོ་རིན་པོ་ཆེ་རུ་གྱུར་ཡོད། ཤ་དང་འོ་མ། ཀོ་བ། ཁུལ་རྩིད།  མཐའ་ན་ལྕི་བ་ལ་ཡང་རིན་པོ་ཆེ་རེད།   ནོར་གནག་གིས་ངེད་ཚང་གསོས་པ་ཡིན་པས་དྲིན་ལན་འཁོར་ཐབས་མེད”ཟེར།

2014ལོར།  སློབ་གྲྭ་ཆེན་མོ་མཐར་ཕྱིན་ཏེ་ཕྱི་ཡུལ་འགྲིམས་ནས་ལོ་ངོ6འགོར་བའི་རྡོ་རྗེ་ཚེ་རིང་ཕྱིར་རང་ཡུལ་དུ་ལོག་ནས་ལས་རིགས་གསར་གཏོད་བྱེད་འདོད་ཀྱི་བསམ་པ་ཞིག་སྐྱེས།  ཁོས་རྐང་ཚ་རྫོང་ནས་དབུལ་སྐྱོར་ཐོན་ལས་དཔེ་སྟོན་གླིང་ཞིག་བཙུགས་ཏེ་ས་གནས་དེ་གའི་ན་གཞོན་དག་ལས་རིགས་གསར་གཏོད་བྱེད་པར་སྐུལ་ལྕག་བྱེད་བཞིན་པ་ཞིག་ཐོས་ནས།    ཕྱིར་རང་ཡུལ་དུ་ལོག་ཅིང་། ཉིན20ཡི་དུས་ཚོད་སྤྱད་ནས་ལས་གཞི་སོ་སོའི་ཐོ་འགོད་ཀྱི་འགྲོ་ལུགས་དག་བསྒྲུབས་ཚར་ནས་དབུལ་སྐྱོར་ཐོན་ལས་གླིང་དུ་ཞུགས་ཐུབ་པ་བྱུང་།  

ས་གནས་སྲིད་གཞུང་གི་སྲིད་ཇུས་ཀྱི་རོགས་སྐྱོར་འོག   ཁོས་ནོར་ཁུལ་འཐག་བྱེད་ཀྱི་འཕྲུལ་ཆས་དང་པོ་བདེ་བླག་ངང་ཉོ་ཐུབ་པ་བྱུང་།   ཡིན་ནའང་ནོར་ཁུལ་ཉོ་སྐབས་དཀའ་ངལ་མང་པོ་ཞིག་ལ་འཕྲད།    ས་གནས་དེ་གའི་འབྲོག་པ་མང་ཚོགས་ཀྱིས་ནོར་ཁུལ་ལ་དཔལ་འབྱོར་གྱི་རིན་ཐང་ཡོད་པ་ཡིད་མི་ཆེས་ལ་ནོར་ཁུལ་བསྡུ་ཉོ་བྱེད་པར་མཚོན་ན་ཡང་དཀའ་ཚགས་ཆེ་བའི་ལས་ཀ་ཞིག་ཡིན་པས།   ཁོ་རང་ཁྱིམ་ཚང་རེ་རེར་སོང་ནས་འབྲོག་དམངས་ལ་ནོར་ཁུལ་གྱི་རིན་ཐང་གསལ་འགྲེལ་བྱས།     མི་ལ་བརྩོན་འབྲས་ལྡན་གྱུར་ན་འཇིག་རྟེན་འདི་ན་དཀའ་བ་མེད་ཟེར་བ་ལྟར།  ཁོས་དེ་འདྲའི་དཀའ་སྤྱད་ཧུར་བརྩོན་གྱི་འོག   ས་གནས་ཀྱི་འབྲོག་པ་མང་ཚོགས་ཀྱིས་ཀྱང་ནོར་ཁུལ་གྱི་ཕན་ཁེ་དེ་ག་འདྲ་ཞིག་ཡིན་པ་གསལ་པོར་ཤེས།  ད་སྐབས་ནོར་ཁུལ་རྒྱ་མ་དོ་ཡི་བསྡུ་ཉོ་རིན་གོང་དེང་ཐོག་གི་སྒོར10ནས་སྒོར50ལ་འཕར་ཡོད་པས།  འབྲོག་པའི་ནོར་ཁུལ་བསྡུ་ཉོ་བྱེད་སྐབས་ཀྱི་སྤྲོ་སེམས་ཡང་ཇེ་མཐོར་ཕྱིན་ཡོད།     ནོར་ཁུལ་མང་པོ་ཞིག་ཉོས་རྗེས་རྐང་ཚ་རྫོང་དབུལ་སྐྱོར་ཅུའུ་ཡིས་རྡོ་རྗེ་ཚེ་རིང་ལ་རོགས་རམ་བྱས་ཏེ།  ལས་གཞི་སོ་སོའི་དབུལ་སྐྱོར་འཕེལ་རྒྱས་ཀྱི་མ་དངུལ་དམངས་སྒོར་ཁྲི70རེ་ཞུ་བྱས་ནས་ཐོན་སྐྱེད་ཀྱི་གཞི་རྒྱ་ཇེ་ཆེར་བཏང་སྟེ།  ས་གནས་དེ་གའི་དབུལ་ཕོངས་འབྲོག་དམངས་ལ་ལས་ཞུགས་ཀྱི་ལས་གནས་འདོན་སྤྲོད་བྱས།  གཞན་ད་རུང་སི་ཁྲོན་དང་ཀན་སུའུ་སོགས་ནས་ཡོང་བའི་འབྲོག་དམངས་ལ་ནོར་ཁུལ་ཐོན་སྐྱེད་སྒྲིག་བཟོའི་འབྲེལ་ཡོད་ཀྱི་གསོ་སྦྱོང་སློབ་ཁྲིད་ཡང་བཀོད་སྒྲིག་བྱས།  

ད་སྔ།   རྡོ་རྗེ་ཚེ་རིང་གི“གཡག”ཀུང་སིའི་ནོར་ཁུལ་རྒྱལ་ནང་གི་འབྲེལ་ཡོད་ལས་རིགས་ལ་འདོན་སྤྲོད་བྱེད་བཞིན་ཡོད་མ་ཟད།  དབྱིན་ཇི་དང་དབྱི་ཐ་ལིས།  ཞིན་ཞིས་ལན་སོགས་རྒྱལ་ཁབ་ཀྱི་འཁེལ་འཐག་ཁེ་ལས་ལ་ཡང་ཕྱིར་འཚོང་བྱེད་བཞིན་ཡོད།    རྡོ་རྗེ་ཚེ་རིང་གི་དམིགས་ཡུལ་ནི་ནོར་ཁུལ་གྱི་ལས་སྣོན་ལག་རྩལ་བོད་ཁུལ་ཡོངས་ལ་ཁྱབ་སྤེལ་བྱ་རྒྱུ་དེ་རེད།   “ནོར་ཁུལ་གྱི་ཐོན་ཁུངས་བེད་སྤྱད་ནས་འབྲོག་པ་མང་ཚོགས་ཀྱི་ལས་ཞུགས་ལ་རོགས་སྐྱོར་དང་ཡོང་འབབ་མང་པོ་ཞིག་ལེན་ཐུབ་པའི་ཕུགས་བསམ་མངོན་འགྱུར་བྱེད་ཐུབ་པར་ང་ཚོར་ཡིད་ཆེས་ཡོད”ཟེར།  

འོམ་ཆུ་གྲོང་བརྡལ་གྱི་ཕག་མོས་ནོར་ཁུལ་བསྡུ་གསོག་བྱེད་བཞིན་པ།

ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཆའང་རིགས་རང་སྐྱོང་ཁུལ་ཧོང་ཡོན་རྫོང་ནས་ཡོང་བའི་ཆོས་དབྱིངས་རྡོ་རྗེ་ཀྱིས་ནོར་ཁུལ་གྱི་ལྷམ་བཟོ་བཞིན་པ།

འོམ་ཆུ་གྲོང་བརྡལ་གྱི་རྩྭ་ཐང་སྟེང་རྡོ་རྗེ་ཚེ་རིང(གཡས)དང་ས་གནས་འབྲོག་པ་གཉིས་ཀྱིས་ནོར་ཁུལ་བསྡུ་ཉོ་འཆར་འགོད་བརྗེ་རེས་བྱེད་བཞིན་པ།  

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྗོང་ནོར་སྲིད་ཅུའུ་ལས་བཟོ་པ་དང་རྡོ་རྗེ་ཚེ་རིང(གཡས)གཉིས་ཀྱིས་ཁོས་སྤྲད་པའི་རེ་ཞུའི་སྙན་ཞུ་ལ་གྲོས་བསྡུར་བྱེད་བཞིན་པ།  

སྒྲིག་བཟོ་བྱས་པའི་ནོར་ཁུལ་གྱི་སྐེ་དཀྲིས།

གསར་འགོད་པ། ལྷ་ཆེན་རྒྱལ།