ཟི་ལིང་གྲོང་ཁྱེར་གྱིས་གྲོང་ཁྱེར་རིམ་པའི་སྣོད་བཅུད་ཁོར་སྲུང་ཞུ་གཏུག་དང་ལེན་གྱི་སྡིངས་ཆ་ཞིག་ཞིང་ཆེན་ཡོངས་ཀྱི་སྔུན་ལ་བཙུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཀུན་ལ་ཕན་པའི་དམངས་ཚིས་ཀྱི་བདེ་རྩ་ཉག་ཅིག་ནི་སྣོད་བཅུད་ཀྱི་ཁོར་ཡུག་ཡག་པོ་ཞིག་ལྡན་རྒྱུ་དེ་ཡིན།  ལོ་འདི་འགར་ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་སྣོད་བཅུད་ཀྱི་ཁོར་ཡུག་གནད་དོན་ཐག་གཅོད་བྱ་རྒྱུ་དེ་འགན་འཁྲི་དང་པོར་བརྩིས་ཏེ།  ཉམས་ཞན་པའི་ཆ་ལ་དམིགས་བཙུགས་ཏེ་ཐུན་མོང་ཐོག་ཐག་གཅོད་བྱས་པས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་སྣོད་བཅུད་ཁོར་ཡུག་གི་གནད་དོན་གཟེངས་སུ་ཐོན་པ་སྐོར་ཞིག་ཐག་བཅད་ནས་ཟི་ལིང་གི་རི་ཆུའི་མཛེས་ལྗོངས་ལ་སྲུང་སྐྱོང་ཡག་པོ་བྱས།

མང་ཚོགས་བརྟེན་སའི་སྣོད་བཅུད་ཁོར་ཡུག་གི་གནད་དོན་སྔར་བས་ཐག་གཅོད་ཡག་པོ་དང་། མང་ཚོགས་ཀྱི་སྣོད་བཅུད་ཁོར་ཡུག་གི་ཁེ་དབང་ལ་སྲུང་སྐྱོང་ལེགས་པོ། སྣོད་བཅུད་ཁོར་ཡུག་གི་གནད་དོན་དང་ཡིག་སྐུར་ངོ་བཅར་གྱི་ཐེར་འདོན་རྩད་གཅོད་ལ་ཤུགས་སྣོན། མང་ཚོགས་ཀྱི་སྣོད་བཅུད་ཁོར་སྲུང་གི་རེ་ཞུ་ལ་དུས་ཐོག་ནས་ལན་སློག་ནས་ཐག་གཅོད་ཡག་པོ་བྱེད་པར་འགན་ལེན་བཅས་ཀྱི་ཕྱིར་དུ།  ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུ་དང་སྲིད་གཞུང་གིས“མང་ཚོགས་ཀྱི་གམ་དུ་བྱུང་བའི་སྣོད་བཅུད་ཁོར་སྲུང་ཐད་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་དགོས་པར་དམིགས་ནས་གྲོང་ཁྱེར་ཡོངས་ཀྱི་མངའ་ཁོངས་ནས་སྣོད་བཅུད་ཁོར་སྲུང་གི་ཞུ་གཏུག་ཐེར་འདོན་སྡིངས་ཆ་ཞིག་བཙུགས་ནས་ཞུ་གཏུག་ཐེར་འདོན་ལ་སྟབས་བདེ་བསྐྲུན་པའི་ཐོག  སྣོད་བཅུད་ཁོར་ཡུག་སྐོར་ནས་བྱུང་བའི་གནད་དོན་དང་ཡིག་སྐུར་ངོ་བཅར་གྱི་ཐེར་འདོན་ལས་གནད་དོན་གཟེངས་ཐོན་སྐོར་རྩད་གཅོད་ལེགས་པོ་དང་།  མི་དམངས་མང་ཚོགས་ཀྱི་སྣོད་བཅུད་ཁོར་ཡུག་གི་ཁེ་དབང་སྲུང་སྐྱོང་ཡག་པོ་བྱ་བ”དེ་2018ལོའི་དམངས་ཚིས་དོན་དངོས་སྒྲུབ་པའི་ཁྲོད་ཀྱི་ལས་གཙོ་བོའི་གྲས་སུ་བཞག་ནས་ཕྱོགས་བསྡུས་རང་བཞིན་གྱི་སྣོད་བཅུད་ཁོར་ཡུག་ཞུ་གཏུག་སྡིངས་ཆ་གཟུག་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ཉེ་ལམ་གསར་འགོད་པས་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་ནས་ཤེས་གསལ་ལྟར་ན།  གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གི་བླང་བྱ་ལྟར། ཟི་ལིང་གྲོང་ཁྱེར་གྱིས་དེ་སྔའི་ཁོར་སྲུང་ཞུ་གཏུག་ཐེར་འདོན་གྱི་ཁ་པར་ཨང་གྲངས12369ཡོད་པའི་ཁར།  གྲོང་ཁྱེར་རིམ་པའི་སྣོད་བཅུད་ཁོར་ཡུག་གི་གནད་དོན་ཞུ་གཏུག་དང་ལེན་བྱེད་སའི་སྡིངས་ཆ་ཞིག་ཞིང་ཆེན་ཡོངས་ཀྱི་སྔུན་ལ་བཙུགས་ནས་བེད་སྤྱོད་བཏང་ཡོད་པས། གྲོང་ཁྱེར་སྡོད་དམངས་ཀྱིས་ཡོངས་བསྒྲགས་ཀྱི་ཞུ་གཏུག་ཁ་པར་དང་།  དམངས་ཕན་ཆེད་སྤྱོད་ཁ་པར།  དྲ་རྒྱའི་རེ་ཞུའི་སྡིངས་ཆ་སོགས་བརྒྱུད་དེ་སྣོད་བཅུད་ཁོར་ཡུག་སྐོར་གྱི་གནད་དོན་ཞུ་གཏུག་དང་རྩད་འདྲི་བྱས་ཆོག་པ་མ་ཟད།  གྱོད་དོན་སྒྲུབ་པའི་གོ་རིམ་ལ་རྗེས་འདེད་རྒྱུས་ལོན་དང་། བསམ་ཚུལ་བསམ་འཆར་སོགས་བཏོན་ཆོག་པ་བཅས་སྣོད་བཅུད་ཁོར་སྲུང་གི་ལས་ཞུགས་པ་དང་ལྟ་སྐུལ་པར་བྱས་ཆོག

མི་དམངས་མང་ཚོགས་ཀྱི་སྣོད་བཅུད་ཁོར་ཡུག་ལ་དོ་ཁུར་བྱེད་ཚུལ་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བ་དང་བསྟུན་ནས་ཁོར་ཡུག་གི་གནད་དོན་ཞུ་གཏུག་ཐེར་འདོན་བྱེད་པ་དེ་མི་དམངས་མང་ཚོགས་ཀྱིས་གམ་དུ་བྱུང་བའི་ཁོར་ཡུག་གནད་དོན་ཐག་གཅོད་ཀྱི་ཐབས་ལམ་གཙོ་བོར་གྱུར་ཡོད།  སྣོད་བཅུད་ཁོར་ཡུག་སྐོར་གྱི་གནད་དོན་ཞུ་གཏུག་ཐེར་འདོན་དང་དང་ལེན་བྱེད་ཆེད་དུ་བཙུགས་པའི་སྡིངས་ཆ་དེས་ཟི་ལིང་གྲོང་ཁྱེར་གྱི་སྣོད་བཅུད་ཁོར་ཡུག་གི་ལས་ཀའི་ནང་རྐྱེན་ལམ་ལུགས་སྔར་བས་འཐུས་སྒོ་ཇེ་ཚང་དུ་བཏང་ཞིང་། མང་ཚོགས་ཀྱི་ཐེར་འདོན་དང་དེ་དང་ལེན། ལས་ཀའི་འགན་འཁྲི་ཇེ་དྲག  དོན་དངོས་རྩད་གཅོད་འགན་ལེན་ཐུབ་པ་བཅས་ལ་སྟབས་བདེ་བསྐྲུན་ཡོད། ལྷག་པར་དུ་དུས་གཏན་འཁེལ་ལྟར་བསྐྱར་ཞིབ་དང་གོ་རིམ་ཧྲིལ་བོར་རྗེས་འདེད་སྐུལ་སྒྲུབ་བྱེད་པ་དང་། དེའི་ལམ་ནས་མང་ཚོགས་ཀྱིས་ཞུ་གཏུག་བྱས་པའི་གནད་དོན་འཕྲལ་མྱུར་ཐག་གཅོད་དང་། ཐག་བཅད་རྗེས་སུ་གནད་དོན་ཡང་བསྐྱར་མི་འབྱུང་བར་འགན་ལེན་བྱེད་ཐུབ་པ་བཅས་མི་དམངས་མང་ཚོགས་ལ་འཚོ་སྡོད་ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པ་ཞིག་བསྐྲུན་ཐུབ་པ་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།