རྨ་སྟོད་རྫོང་གིས་མཚོ་སྐྱ་རེངས་དང་སྔོ་རེངས། ཨ་གཡུང་གོང་མ་སོགས་སུ་རི་རྒྱ་ཀླུང་རྒྱ་བསྡམས་ཏེ་ལྗོངས་རྒྱའི་ལས་སྒོ་སྤེལ་མི་ཆོག་པའི་བཀོད་ཁྱབ་གནང་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ5པའི་ཚེས27ཉིན་གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ནས་རྒྱུས་ལོན་བྱུང་བ་ལྟར་ན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་རྨ་ཆུའི་འགོ་ཁུངས་ཀྱི་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས། ཨ་གཡུང་གོང་མ་སོགས་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོབ་ལེགས་པོ་བྱེད་ཆེད། རྨ་སྟོད་རྫོང་སྲིད་གཞུང་གིས་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས། ཨ་གཡུང་གོང་མ་སོགས་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་ཡུལ་སྐོར་བྱེད་སྒོ་སྤེལ་མི་ཆོག་པའི་བརྡ་ཡིག་བཏང་བ་རེད། ཐེངས་འདིའི་བརྡ་ཡིག་གིས་རྨ་ཆུའི་འགོ་ཁུངས་ཀྱི་སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ་དང་རི་དྭགས་རྩ་ཆེན་ལ་གནོད་འཚེ་མི་ཐེབས་པ། རྨ་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ནུས་ལྡན་ཐོབ་པར་ཁག་ཐེག་བྱས་ཡོད།

རྒྱུས་ལོན་ལས་ཤེས་གསལ་ལྟར་ན། ལོ་འདི་དག་གི་རིང་ལ་རྨ་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་གྲུབ་འབྲས་འབུར་ཐོན་བླངས་ཤིང་། དེ་དང་བསྟུན་ནས་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས། ཨ་གཡུང་གོང་མ་མཚེའུ་སོགས་ཀྱི་མིང་དང་སྙན་གྲགས་ཡང་རིམ་བཞིན་ཕྱི་རུ་གྲགས་འགོ་ཚུགས་ཤིང་། གཞན་ལ་བཞག་པའི་བག་ཆགས་ཀྱང་མུ་མཐུད་དུ་ཇེ་མཐོར་སོང་བས་ཕྱི་རོལ་ལུས་སྦྱོང་འཚོལ་ཞིབ་ཚོ་ཆུང་དང་། མི་སྒེར་སོགས་ཀྱི་ཚད་མཐོའི་མཐོང་ཆེན་གནང་ཤིང་། ད་ལྟ་འགྲིམ་འགྲུལ་སྟབས་བདེ་ཅན་དུ་གྱུར་ཡོད་པས་རང་འགུལ་གྱིས་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས། ཨ་གཡུང་གོང་མ་མཚེའུ་སོགས་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ལྟེ་བ་རུ་ལྐོག་འཛུལ་བྱེད་པའི་ཡུལ་སྐོར་པ་ཡང་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། དེས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ངེས་ཅན་ཐེབས་པ་མ་ཟད། རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་དང་བདེ་འཇགས་ལ་ཡང་གནོད་འཚེ་ཚབས་ཆེན་བཟོས་ཡོད།

རྒྱུ་རྐྱེན་དེ་དག་གི་དབང་གིས། རྨ་སྟོད་རྫོང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྲོལ་ཡིག》སོགས་གཞིར་བཟུང་ནས་འབྲེལ་ཡོད་སྒྲིག་སྲོལ་དང་ཀྲུང་དབྱང་ཁོར་སྲུང་ལྟ་སྐུལ་ཞིབ་བཤེར་གནད་དོན་སོགས་ཀྱི་བཅོས་སྒྲིག་བསམ་འཆར་ལྟར། རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་ཡུལ་སྐོར་བྱེད་སྒོ་སྤེལ་བ་གཏན་འགོག་བྱེད་པའི་བརྡ་ཡིག་བཏང་། བརྡ་ཡིག་དེས་ནང་དུ་བསྟན་དོན། རྨ་སྟོད་རྫོང་གི་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས། ཨ་གཡུང་གོང་མ་མཚེའུ་སོགས་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་སྤྱི་ཚོགས་ཚོགས་སྤྱི་དང་ལས་ཁུངས་ཀྱི་རྩ་འཛུགས། མི་སྒེར་སོགས་ཀྱིས་གང་འདོད་དུ་ཡུལ་སྐོར་བྱེད་སྒོ་དང་འཚོལ་ཞིབ་བྱེད་སྒོ་རྦད་དེ་གཏན་འགོག་བྱས་ཤིང་། རང་སྣང་གང་ཤར་གྱིས་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་ཡུལ་སྐོར་བྱེད་སྒོ་སྤེལ་བ་དང་འཚོལ་ཞིབ་སོགས་ཀྱི་བྱེད་སྒོ་སྤེལ་མཁན་ཤེས་རྟོག་བྱུང་ཚེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྲོལ་ཡིག》སོགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ནས་ཁྲིམས་ཐག་གཅད་རྒྱུ་ཡིན་ལ། གནད་དོན་ཚབས་ཆེན་ཡིན་ན་འབྲེལ་ཡོད་བཅའ་ཁྲིམས་གཞིར་བཟུང་ནས་ཁྲིམས་འཛིན་སྡེ་ཁག་ལ་སྐྱེལ་བ་དང་ཉེས་ཁྲིམས་འགན་འཁྲི་དང་ལེན་བཅས་བྱེད་དགོས། གཞུང་དོན་གྱི་ཆེད་དུ་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས། ཨ་གཡུང་གོང་མ་མཚེའུ་སོགས་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་བྱ་བ་བསྒྲུབ་པ་ལ་ངེས་པར་དུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་སྡེ་ཁག་དུ་སོང་ནས་འབྲེལ་ཡོད་འགྲོ་ལུགས་ཡིག་ཆ་བསྒྲུབ་རྗེས་ད་བཟོད་གནས་དེར་བྱ་བ་བསྒྲུབ་ཏུ་སོང་ཆོག

དེ་མིན་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་འགོ་ཁུངས་ར་བ་རུ་ད་རུང“མཉམ་འབྲེལ་འགུལ་སྐྱོད། མཉམ་འབྲེལ་སྔོན་འགོག མཉམ་འབྲེལ་རྡུང་རྡེག”བཅས་ཀྱི་སྒྲིག་གཞི་གསར་འཛུགས་བྱས་ཏེ། མཚོ་སྐྱ་རེངས་དང་མཚོ་སྔོ་རེངས། ཨ་གཡུང་གོང་མ་མཚེའུ་སོགས་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་ཡུལ་སྐོར་བྱེད་སྒོ་སྤེལ་བ་གཏན་འགོག་བྱེད་པར་རྩད་གཅོད་ནན་མོ་བྱས་ཡོད། དེའི་རྗེས་ནས་རྨ་ཆུའི་འགོ་ཁུངས་སྤྱི་གླིང་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱིས་ཞིབ་བཤེར་ཆོག་མཆན་ཐོབ་པའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱི་ཁྱབ་འཆར་འགོད་གཞིར་བཟུང་ནས། སྐྱེ་ཁམས་ཉམས་ཞིབ་དང་ཚན་རིག་ཡོངས་ཁྱབ་སློབ་གསོ་སོགས་བྱེད་སྒོ་སྤེལ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མུ་མཐུད་འཕེལ་རྒྱས་སུ་འགྲོ་བར་སྲུང་སྐྱོབ་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།