བོད་རྒྱ་ཚིག་མཛོད་ཆེན་མོའི་མིང་མཐའི་པ་བ་སྦྱོར་ཚུལ་གླེང་བ།

རྩོམ་པ་པོ་ངོ་སྤྲོད།

མིང་། ཆོས་ཚ་སྟོབས་ལྡན་རྡོ་རྗེ།  སྡོད་གནས།  ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་སྐད་ཡིག་རིག་གནས་སློབ་གླིང་གི 2016 ལོའི་རབ་འབྱམས་པ།   ཆེད་ལས། བོད་རིག་པ།

བོད་རྒྱ་ཚིག་མཛོད་ཆེན་མོའི་མིང་མཐའི་པ་བ་སྦྱོར་ཚུལ་གླེང་བ།[①]

ཆོས་ཚ་སྟོབས་ལྡན་རྡོ་རྗེ།

[ནང་དོན་གནད་བསྡུས།] རྩོམ་ཡིག་འདིར་བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་དུ་མིང་མཐའི་པ་བ་དག་ཇི་ལྟར་ཐག་གཅོད་དང་གཏན་འབེབ་བྱས་ཏེ།གཞུང་ལུགས་ཅན་གྱི་སྒོ་ནས་ལག་བསྟར་བྱས་ཡོད་པའི་སྐོར་སོགས་གསལ་བཤད་དང་བསམ་ཞིབ་བྱས་ཡོད།

[བརྡ་ཆད་གཙོ་བོ།] བོད་རྒྱ་ཚིག་མཛོད་ཆེན་མོ།  མིང་མཐའི་པ་བ།  མིང་རྐྱང་།  ལས་ཚིག  བརྡ་སྤྲོད།

གླེང་གཞི།

བོད་ལ་གཅིག་གྱུར་ཀྱིས་བཀོལ་སྤྱོད་བྱེད་པའི་བརྡ་སྤྲོད་ཀྱི་གཞུང་ལུགས་གྲུབ་ནས་ལོ་ངོ་སྟོང་ཕྲག་ལྷག་སོང་ནའང་། ཕྱིས་སུ་བརྡ་སྤྲོད་ཀྱི་གཞུང་ལུགས་དེ་ཇེ་རྒྱས་ཇེ་ལེགས་སུ་ཆེར་གཏོང་ཐུབ་མེད། ཞིབ་ཚགས་ཀྱི་ཆ་ནས་ད་དུང་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལ་མགོ་མཇུག་བར་གསུམ་དུ་གནད་དོན་མང་བོ་ཞིག་ཐག་མ་ཆོད་པར་ལྷག་ཡོད། འདིར་བཤད་པར་བྱ་བའི་མིང་མཐའི་པ་བའང་དེ་ལས་མ་འདས་པའི་གནད་དོན་གཅིག་རེད། ཐུ་མི་སམ་བྷོ་ཊ་མི་གཅིག་པུས་བོད་ཡིག་དང་བརྡ་སྤྲོད་གསར་རྩོམ་ཐུབ་ན། ང་ཚོ་ཕྱི་རབས་པ་ཐུན་མོང་གིས་ལོ་ངོ་སྟོང་ཕྲག་ལྷག་ལ་མིང་མཐའི་པ་བ་ཙམ་ཡང་ལེགས་བཅོས་དང་གཅིག་གྱུར་ཅན་དུ་བསྒྱུར་མ་ཐུབ་པ་ནི།   ང་ཚོའི་ངོ་ཚ་དང་ཐུ་མི་སམ་བྷོ་ཊར་དགོངས་དག་ཞུ་དགོས་པའི་གནས་ཤིག་རེད། འོན་ཀྱང་། དེ་ཚད་ལྡན་དང་གཞུང་ལུགས་ཅན་དུ་བསྒྱུར་མ་ཐུབ་པར་ད་དུང་ང་ཚོའི་ལག་ཏུ་གནད་དོན་དང་བཅས་ལྷག་ཡོད་པར་རྒྱུ་རྐྱེན་མང་པོ་ཞིག་ཡོད་མོད། འདིར་རྒྱུ་རྐྱེན་གཙོ་བོ་གསུམ་ཙམ་བཤད་ན། གཅིག  ས་གནས་འཐེན་འཁྱེར་དང་གཞུང་ལུགས་ཕྱོགས་ཞེན་གྱི་དབང་དུ་སོང་བ། གཉིས། སྔོན་གྱི་གསུང་ལ་དཔྱད་པ་གཏོང་བའམ་དེ་དང་ལྟ་ཚུལ་མི་མཐུན་པ་ཞིག་བཤད་ན་ཐན་དུ་ལྟ་བ། གསུམ། བོད་ཀྱི་ཡོན་ཏན་པའི་སྡེ་ན་ཐ་སྙད་རིག་གནས་ལ་ལྟོས་བཅས་ཀྱིས་ཆེད་སྦྱོང་དང་དཔྱད་ཞིབ་རིན་ཐང་དམའ་བ་བཅས་ལ་ཐུག་ཡོད་པར་སེམས། སྤྱིར་གཙུག་ལག་རིག་གནས་གང་དང་གང་ཡིན་ཡང་ཕྱི་མ་ཕྱི་མ་སྔ་མ་སྔ་མ་ལས་ཆ་ཇེ་ཚང་དང་ཚགས་ཇེ་ཞིབ་ཏུ་འགྲོ་བ་ནི་དངོས་པོའི་ཆོས་ཉིད་ཡིན། དེ་བཞིན་མིའི་བློ་སྒོ་དང་ཤེས་རབ་ཀྱང་མི་རབས་སྔ་མ་ལས་ཇེ་ཡང་དང་ཇེ་རྣོར་འགྲོ་བ་ནི་རྟེན་འབྲེལ་གྱི་ཆོས་ཉིད་དང་ཤིན་ཏུ་མཐུན། རྒྱུ་མཚན་མི་རབས་སྔ་མ་ཚོས་ལོ་ངོ་སྟོང་ཕྲག་མང་བོར་ཐོས་བསམ་སྒོམ་གསུམ་གྱིས་བསྡུས་པའི་རིག་གཞུང་གི་ཉིང་ཁུ་དག་ཕྱི་རབས་པའི་ལག་ཏུ་རིམ་བཞིན་བརྒྱུད་དེ་ཐོན་པའི་གསུང་གི་མཛད་འཕྲིན་ནམ་གསུང་རྩོམ་རི་བོའི་ལྟོས་དང་མཉམ་པ་འདི་དག་ང་ཚོའི་ལག་ཏུ་འཕྲོད་ཡོད་པས། ང་ཚོ་ཁོ་ཚོ་ལས་ཤེས་རབ་དང་བློ་སྒོ་ཡངས་པ། རིག་གཞུང་ཞིག་ཡིན་ནའང་ཆ་ཇེ་ཚང་དང་ཇེ་ལེགས་སུ་སོང་ཡོད་ན་རྟེན་འབྲེལ་ཟབ་མོའི་རིགས་པ་དང་འགལ་མེད་ལ། སྔོན་བྱོན་མཁས་དབང་རྣམས་ལ་ཁྲེལ་མེད་བྱས་མེད། ཁོང་ཚོའི་ཐུགས་དགོངས་ཀྱང་གྲུབ་ཡོད་པ་རེད། དེ་བས་གནའ་དེང་ཤེས་རིག་གི་ཕ་མཐར་སོན་ཞིང་གཞུང་ལུགས་སྨྲ་བའི་མཁས་དབང་རྣམ་པ་དང་། བརྩོན་འགྲུས་ཀྱི་གོམ་ཁ་ལྷོད་མ་མྱོང་བའི་སློབ་པ་ལམ་གྱི་གནས་སྐབས་ཀྱི་སློབ་མ་དང་ཡོན་ཏན་པའི་སྡེ་སུ་དང་གང་ཡིན་ཡང་། ཆེས་མ་མཐའི་ཕན་ཚུན་ལ་བརྡ་སྤྲོད་བྱེད་ཀྱི་མིང་མཐའི་པ་བ་ཙམ་གྱི་གནད་དོན་ཡང་ལོ་ངོ་སྟོང་ཕྲག་ལྷག་ལ་ཐག་མ་ཆོད་པའམ་ཡར་རྒྱས་དང་གཅིག་གྱུར་མེད་པར་ལྷག་ཡོད་པ་ནི་ཐུགས་ཁུར་དང་བསམ་གཞིག་གཏོང་དགོས་པ་ཞིག་མ་ཡིན་ནམ། དེས་ན་ང་ཚོས་འདི་ཕྱོགས་ལ་དཔྱད་རྩོམ་འབྲི་བ་དང་བསམ་འཆར་འདོན་པ་ནི་གལ་ཆེ་བར་མཐོང་ནས་ཐེངས་འདིར། བོད་རྒྱ་ཚིག་མཛོད་ཆེན་མོའི་མིང་མཐའི་པ་བ་སྦྱོར་ཚུལ་ཟུར་དུ་བཏོན་ཏེ་རྨོངས་བློར་ཤར་ཚོད་ཙམ་དཔྱད་པ་ལ།

དང་པོ། བོད་རྒྱ་ཚིག་མཛོད་ཆེན་མོར་གཞི་བཅོལ་ཏེ་མིང་མཐའི་པ་བ་གླེང་དགོས་པའི་རྒྱུ་མཚན།

བོད་རྒྱ་ཚིག་མཛོད་ཆེན་མོའི་མིང་མཐའི་པ་བ་སྦྱོར་ཚུལ་ནི་ང་ཚོར་རྒྱུགས་ཆེ་བའི་བརྡ་སྤྲོད་ཀྱི་གཞུང་ཕལ་མོ་ཆེར་མ་ཐོན་པའི་ཐུན་མིན་གྱི་གཞུང་ལུགས་རང་བཞིན་ཅན་གྱི་སྦྱོར་ཚུལ་ཞིག་རེད། སྔོན་བྱུང་བརྡ་སྤྲོད་གཞུང་འགྲེལ་གང་ཡིན་ཡང་མིང་མཐའི་པ་བ་སྦྱོར་ཚུལ་འཆད་སྐབས་རྩོམ་པ་པོ་ཚོ་རང་རང་གི་ཡུལ་སྐད་དང་གཞུང་ལུགས་ཕྱོགས་ཞེན་པའི་དབང་དུ་སོང་ཡོད་པས། བོད་ལ་གཅིག་གྱུར་གྱི་བཀོལ་སྤྱོད་བྱེད་པའི་མིང་མཐའི་པ་བ་སྦྱོར་ཚུལ་ཞིག་ཆགས་མ་ཐུབ་པ་རེད། འོན་ཀྱང་། བོད་རྒྱ་ཚིག་མཛོད་ཆེན་མོའི་མིང་མཐའི་པ་བ་སྦྱོར་ཚུལ་ལ་ཞིབ་ཏུ་དཔྱད་ན། ཡུལ་སྐད་ཕལ་མོ་དང་བརྡ་སྤྲོད་ཀྱི་གཞུང་འགྲེལ་ཕྱོགས་རིས་པའི་དབང་དུ་མ་སོང་བར་བློ་གཟུ་བོའི་སྒོ་ནས་མདོ་དབུས་ཁམས་གསུམ་སྤྱིའི་སྐད་ལ་གཞོལ་བ་དང་སྔོན་གྱི་ཡིག་རྙིང་མང་པོའི་མིང་མཐའི་པ་བ་སྦྱོར་ཚུལ་སོགས་དང་མཐུན་པར་གཞུང་ལུགས་རང་བཞིན་ཅན་གྱི་མིང་མཐའི་པ་བ་སྦྱར་ཡོད་པ་ནི། ཚིག་མཛོད་འདིའི་ཐུན་མིན་ཁྱད་ཆོས་ཡིན་པས། ང་ཚོས་ཚིག་མཛོད་འདི་གཞིར་བཟུང་ནས་མིང་མཐའི་པ་བ་སྦྱར་ན་དགེ་མཚན་ཆེ་བར་མཐོང་།

1. བོད་རྒྱ་ཚིག་མཛོད་ཆེན་མོ་ནི་སྲིད་གཞུང་གིས་རྩ་འཛུགས་བྱས་ཤིང་སྒྲིག་གཞི་ཡོད་པའི་སྒོ་ནས་མདོ་དབུས་ཁམས་གསུམ་གྱི་མཁས་དབང་མཉམ་འདུས་ཀྱིས་རྩོམ་སྒྲིག་བྱས་པའི་ཚིག་མཛོད་ཐོག་མ་དང་གཅིག་པུ་དེ་ཆགས་ཡོད་པ་རེད།

2. མི་རིགས་དཔེ་སྐྲུན་ཁང་ལྔ་དང་། མི་རིགས་སློབ་ཆེན་ཁག་ལྔ། ད་དུང་དུས་སྐབས་དེར་བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་དུ་ཐ་སྙད་རིག་གནས་ལ་དབང་འབྱོར་བའི་བརྡ་སྤྲོད་སྨྲ་བའི་དབང་བོ་ཚེ་ཏན་ཞབས་དྲུང་། དམུ་དགེ་བསམ་གཏན། ཉན་ཤུལ་མཁྱེན་རབ་འོད་གསལ། དུང་དཀར་བློ་བཟང་འཕྲིན་ལས་སོགས་ངེས་དོན་གྱི་མཁས་དབང་མང་པོས་ཞུ་དག་དང་ཞལ་གཟིགས་གནང་བའི་ཚིག་མཛོད་ཅིག་རེད།

3. དེ་མིན་ཚིག་མཛོད་འདི་ཚད་ལྡན་དང་ཞིབ་ཚགས་ཡོང་ཆེད་མི་ལོ་ལྔ་བཅུ་ལྷག་ལ་རྒྱུན་འཁྱོངས་བྱས་ཏེ་རྩོམ་སྒྲིག་བྱས་པ་ཞིག་རེད། གཙོ་སྒྲིག་པ་ཀྲང་དབྱུ་སིན་གྱི་ཚིག་མཛོད་ཀྱི་འགོ་བརྗོད་ཉན་ཞུའི་ནང་དུ། འདས་ཟིན་པའི་ལོ་ལྔ་བཅུ་རིང་ལ་དབྱར་དགུན་ལྟོས་མེད་དང་ཉིན་མཚན་དབྱེར་མེད་དུ་དཀའ་ངལ་བརྒྱབ་པ་རྣམས་བློ་ཡུལ་དུ་འཆར་གྱིན་འདུག[②]ཅེས་བྲིས་པར་བལྟས་ན། ཚིག་མཛོད་འདིར་དུས་ཚོད་ཇི་འདྲ་ཞིག་ཕུད་ཡོད་པ་དང་རྔུལ་ཆུ་ག་ཚོད་ཅིག་བཏོན་ཡོད་པ་ཧ་ཅང་གསལ་བོ་རེད། རྒྱུ་མཚན་དེ་གསུམ་གྱི་སྒོ་ནས་བལྟས་ན། བོད་རྒྱ་ཚིག་མཛོད་ཆེན་མོ་ནི། ཚིག་མཛོད་གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་ཡིན་པས། ཚིག་མཛོད་འདིར་མིང་མཐའ་པ་བ་དག་ཇི་ལྟར་སྦྱར་ཡོད་པར་བལྟ་རྒྱུ་ནི་གནད་ཀྱི་དམ་པ་ཞིག་རེད།

གཉིས་པ། སྤྱིར་བོད་ཀྱི་ཚིག་མཛོད་ཀྱི་བྱུང་འཕེལ་མདོ་ཙམ་བསྟན་པ།

བོད་ལ་ཚིག་མཛོད་འབྲི་སྲོལ་ནི་བཙན་པོའི་སྐབས་ནས་བྱུང་ཡོད། བོད་ཀྱི་ཚིག་མཛོད་ཀྱི་ཐོག་མ་ནི་ཡོངས་གྲགས་ཀྱི་སྒྲའི་བྱེ་བྲག་རྟོགས་བྱེད་ཆེན་མོ་འཇོག་གིན་འདུག རྒྱུ་མཚན་སྒྲ་སྦྱོར་བམ་གཉིས་ཀྱི་མཇུག་བྱང་དུ། བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོ། བྱེ་བྲག་ཏུ་རྟོགས་བྱེད་འབྲིང་པོ།  བྱེ་བྲག་ཏུ་རྟོགས་བྱེད་ཆུང་ངུ་།[③]ཞེས་དང་། དེའི་ནང་གི་བྱེ་བྲག་རྟོགས་བྱེད་འབྲིང་ནི་སྒྲ་སྦྱོར་བམ་གཉིས་རང་ཉིད་ཡིན་པ་གསལ་བོར་བཀོད་ཡོད་པར་མ་ཟད། སྒྲ་སྦྱོར་བམ་གཉིས་སུ་ཆེན་པོའི་དཀའ་གནས་དང་སྒྲའི་གཞུང་དང་སྦྱར་ཏེ་བཤད་པ་ཡིན་ནོ། །[④]ཞེས་གསུངས་པར་གཞིག་ན། བྱེ་བྲག་རྟོགས་བྱེད་འབྲིང་པོའམ་སྒྲ་སྦྱོར་བམ་གཉིས་ནི་བྱེ་བྲག་རྟོགས་བྱེད་ཆེན་མོ་རུ་སྒྲའི་རྩ་བའི་གོ་དོན་དང་འགྲེལ་བ་ཞིབ་ཆ་མ་ཐོན་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་བསྐྱར་དུ་བསྒྲིགས་པ་ཞིག་ཡིན་པ་སྒྲ་སྦྱོར་བམ་གཉིས་རང་དུ་བཀོད་ཡོད་པས། འདིར་གསལ་བོ་ཤེས་ཐུབ་པ་ནི་བྱེ་བྲག་རྟོགས་བྱེད་ཆེན་མོ་དེ་སྒྲ་སྦྱོར་བམ་གཉིས་སམ་བྱེ་བྲག་རྟོགས་བྱེད་འབྲིང་གི་སྔོན་དུ་ཕྱོགས་སྒྲིག་བྱས་ཡོད་པ་གསལ་བོ་རེད། ཏུན་ཧོང་ཡིག་རྙིང་དང་སྒྲ་སྦྱོར་བམ་གཉིས་རང་ན། རྟའི་ལོ་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་སྐྱིའི་འོན་ཅང་དོ་ན་བཞུགས། ཕོ་བྲང་འོན་ཅང་དོར་བོད་དང་རྒྱ་གར་གྱི་མཁན་པོ་ཐམས་ཅད་ཀྱིས་ཆོས་སྐད་གཏན་ལ་ཕབ་སྟེ། རྗེ་བློན་མོལ་ནས་རེག་ཟིག་ཏུ་མཛད་པ། སྐད་གསར་གྱི་མིང་སྔོན་མ་ཐོགས་པ་དང་། གཏན་ལ་མ་ཕབ་པ་ལ། མཁས་པ་རྣམས་འཚོགས་ཏེ་མིང་དུ་བཏགས་ཤིང་གཏན་ལ་ཕབ་སྟེ། ལྷ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་བསྐུལ་ནས་བཀས་བཅད་དེ་མི་བཅོས་པར་བཞག་པ།[⑤]ཞེས་དང་། སྒྲ་སྦྱོར་བམ་གཉིས་སམ་བྱེ་བྲག་རྟོགས་བྱེད་འབྲིང་ཕྱོགས་སྒྲིག་མཛད་སྐབས་ཀྱི་བཙན་པོ་ནི་ཁྲི་ལྡེ་སྲོང་བཙན་ཡིན་པ་དང་། ལོ་ནི་རྟའི་ལོ་ཡིན་པ་སོགས་གསལ་བོར་བཀོད་ཡོད་པར་བལྟས་ན། [⑥]བཙན་པོ་ཁྲི་ལྡེ་སྲོང་བཙན་སྲིད་ཁྲིར་བཞུགས་པའི་ལོ་ནི། སྤྱི་ལོ་798—815བར་ཡིན། དུས་ཚོད་དེའི་ནང་རྟའི་ལོ་གཉིས་ཏེ་ཆུ་རྟ་(སྤྱི་ལོ802)དང་ཤིང་རྟ་(སྤྱི་ལོ814)གཉིས་བྱུང་ཡོད། དེ་གཉིས་ཀྱི་ནང་ནས་ཆེད་མཁས་པའི་དཔྱད་འབྲས་ཕྱི་མ་འོས་ཤིང་འཚམ་པར་བཞེད་པས། སྤྱི་ལོ་814ལོར་བཙན་པོའི་བཀའ་ལྟར་བྱེ་བྲག་རྟོགས་བྱེད་འབྲིང་ནི་ཕྱོགས་སྒྲིག་བྱས་པ་ཤེས་ནུས་སྟབས། བྱེ་བྲག་རྟོགས་བྱེད་ཆེན་མོ་ནི་ངེས་པར་དུ་སྤྱི་ལོ་814སྔོན་དུ་ཕྱོགས་སྒྲིག་བྱས་པ་ཞིག་ཡིན་པ་ཤེས་སོ། །དེ་རྗེས་ཀ་ཕྲེང་ལྟར་བསྒྲིགས་པའི་བོད་ཀྱི་ཚིག་མཛོད་ཐོག་མ་ནི། ཕྱི་རྒྱལ་དུ་སྤྱི་ལོ་1701ལོར་ཨེ་ཐ་ལེའི་ཆོས་སྤེལ་མཁན་ཀོ་སོ་ཕུ་M.ཐོ་སི་ཁཱ་ནོ་(Giuseppe M.Tosca-no)སོགས་ཀྱིས་«ལ་བོད་ཚིག་མཛོད»སྤྱི་ལོ་1834ལོར་ནུབ་ཕྱོགས་བོད་རིག་པའི་ཤིང་རྟའི་སྲོལ་འབྱེད་ཧང་ཀ་རའི་མཁས་དབང་ཆོ་མཱའི་(Alexander Csoma de koros )«བོད་དབྱིན་ཚིག་མཛོད།»རྒྱལ་ནང་དུ་སྤྱི་ལོ་1946ལོར་བོད་རང་གིས་རྩོམ་སྒྲིག་བྱས་པའི་ཚིག་མཛོད་ཐོག་མ་དགེ་བཤེས་ཆོས་གྲགས་ཀྱི་«བརྡ་དག་མིང་ཚིག་གསལ་བ།»1979ལོར་ནུབ་བྱང་མི་རིགས་སློབ་ཆེན་བོད་ཡིག་སྡེ་ཁག་གི་«རྒྱ་བོད་མིང་མཛོད།»ཨ་ཁུ་དམུ་དགེ་བསམ་གཏན་གྱིས་གཙོ་སྒྲིག་མཛད་པའི་«སམ་བོད་ཚིག་མཛོད་ཆེན་མོ།»སྐུ་ཞབས་བསམ་གཏན་དང་ཀྲིན་ཧོ་ཀུང་སོགས་ཀྱིས་གཙོ་སྒྲིག་མཛད་པའི་«དག་ཡིག་གསར་སྒྲིག»1985ལོར་ཀྲང་དབྱི་སུན་གྱིས་གཙོ་སྒྲིག་མཛད་པའི་«བོད་རྒྱ་ཚིག་མཛོད་ཆེན་མོ།»2002ལོར་ཨ་ལགས་དུང་དཀར་ཚང་གི་«དུང་དཀར་ཚིག་མཛོད།»སོགས་རིམ་བཞིན་བྱུང་དང་འབྱུང་བཞིན་ཡོད།

གསུམ་པ། བྱེ་བྲག་བོད་རྒྱ་ཚིག་མཛོད་ཆེན་མོ་གླེང་བ།

གོང་དུ་བཤད་མ་ཐག་པའི་བོད་ཀྱི་ཚིག་མཛོད་ཆེ་མ་ཆུང་གསུམ་དག་ལས་«བོད་རྒྱ་ཚིག་མཛོད་ཆེན་མོ།»ནི་རིག་པའི་གནས་རྣམས་འདུས་པའི་སྣ་འཛོམས་རང་བཞིན་ལྡན་པའི་བོད་རྒྱའི་རྩ་འགྲེལ་གཉིས་ལྡན་གྱི་ཚིག་མཛོད་ཅིག་དང་། སྒྲིག་ཐབས་དང་རྩ་འཛུགས་སོགས་ཕྱོགས་གང་ལ་བསམ་ཡང་ཚིག་མཛོད་གཞན་ལས་ཁྱད་པར་དུ་འཕགས་པའི་གྲགས་པ་དང་བཀོལ་རྒྱ་ཆེ་བའི་ཚིག་མཛོད་ཅིག་ཡིན་པ་ཀུན་ཀྱིས་ཤེས་གསལ་ལྟར་རེད། ཚིག་མཛོད་དེ་ནི་བོད་ཀྱི་རིག་གཞུང་ལ་ཞིབ་འཇུག་བྱེད་ཆེད་དགེ་རྒན་ཆེན་མོ་ཀྲང་དབྱི་སུན་གྱིས་སྤྱི་ལོ་1928ལོར་ནས་ཆིང་རྒྱལ་རབས་སྐབས་པར་སྐྲུན་བྱས་པའི་བོད་རྒྱ་ཚིག་མཛོད་དང་ཕྱི་རྒྱལ་དུ་ཡོད་པའི་བོད་ཡིག་ཚིག་མཛོད་སོགས་དཔྱད་གཞིའི་ཡིག་ཆ་ཡུན་རིང་བོར་རྒྱུན་འཁྱོངས་འཚོལ་བསྡུ་བྱས་ཏེ། རི་འགོག་དམག་འཁྲུག་གི་དུས་མཇུག་ཏུ་དེབ་བཅུ་གསར་དུ་བསྐྲུན་པ་ནི།  བོད་རྒྱ་ཚིག་མཛོད་ཆེན་མོའི་མ་ཕྱི་དང་ཚིག་མཛོད་ཀྱི་རྨང་གཞི་ཡིན། སྤྱི་ལོ་1951ལོ་ནས་འགོ་བརྩམས་ཏེ་གོང་གི་དེབ་བཅུ་ལ་བཟོ་བཅོས་ཐེངས་ཁ་ཤས་བརྒྱབ། སྤྱི་ལོ་1958ལོར་དགེ་རྒན་ཆེན་མོ་ཀྲང་དབྱི་སུན་གྱིས་ཚིག་མཛོད་ལས་དོན་ཚོ་ཆུང་གཅིག་ཁྲིད་ནས་ལྷ་སར་ཕྱིན། བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་བྱས་ནས། རྒྱ་བོད་ཀྱི་རྩོམ་སྒྲིག་མི་སྣ་བསྣན་ཏེ།མ་ཕྱིའི་རྒྱ་ཁྱོན་དང་ཐ་སྙད་བསྡུ་སྒྲིག་གི་གཞི་ཁྱོན་ཆེ་རུ་བཏང་། དུས་ཡུན་ལོ་བཞི་ཙམ་གྱི་རིང་ལ་ཁྱོན་སྡོམ་ཐ་སྙད་བརྒྱད་ཁྲི་ལྷག་ཙམ་བསྡུས། སྤྱི་ལོ་1964ལོར་ཀྲུང་དབྱང་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་མིང་རྟགས་བཀོད་ནས་ཚིག་མཛོད་ཀྱི་ནང་དོན་འཕྲི་སྣོན་བྱེད་རྒྱུའི་སྐོར་གྱི་རྩ་དོན་བདུན་གཏན་ཁེལ་བྱས་པ་ལྟར་འཕྲི་སྣོན་བྱས་པས། མཐར་ཐ་སྙད་ཁྲི་ལྔར་ཉེ་བ་ཞིག་དངོས་སུ་གཏན་ཁེལ་བྱས་པ་ད་ལྟའི་ཚིག་མཛོད་འདི་གྲུབ་པ་ཡིན། བར་སྐབས་དེར་ལོ་བཅུའི་གོད་ཆག་གམ་རིག་གནས་གསར་བརྗེ་ཐོན་པས་ཚིག་མཛོད་ཀྱི་ལས་དཀའ་ཡུན་རིང་མཚམས་འཇོག་བྱེད་དགོས་བྱུང་ཡང་ཚིག་མཛོད་ལ་སྐྱོན་མ་བྱུང་། སྤྱི་ལོ་1978 ལོར་ཁྲིན་ཏུ་རུ་བསྐྱར་དུ་སླར་གསོ་བྱས་ཏེ་ཚིག་མཛོད་ཀྱི་ལས་གཞི་འགོ་བཙུགས་ཤིང་། རྒྱལ་ཁབ་དང་སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་ཚིག་མཛོད་ལ་འགན་ཁུར་དང་རྒྱབ་སྐྱོར་འོག་ལྗོངས་ཞིང་ལྔའི་དཔེ་སྐྲུན་ཁང་དང་འབྲེལ་ཡོད་སྡེ་ཁགཀྲུང་དབྱང་། བོད་ལྗོངས། མཚོ་སྔོན། ནུབ་བྱང་། ལྷོ་ནུབ་བཅས་མི་རིགས་སློབ་གྲྭ་ཆེན་མོ་ཁག་ལྔ་ནས།བོད་ཡིག་ཆུ་ཚད་མཐོ་བའི་མཁས་དབང་སོགས་ཀྱིས་ཞུ་དག་དང་རྩོམ་སྒྲིག་ནན་མོ་བྱས་ཏེ་སྤྱི་ལོ་1985 ལོར་དངོས་སུ་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་དུ་པར་དུ་བསྐྲུན་པའོ། །

བཞི་པ། བོད་རྒྱ་ཚིག་མཛོད་ཆེན་མོ་དང་བརྡ་སྤྲོད་གཞུང་འགྲེལ་རེ་འགར་བཀོད་པའི་མིང་མཐའི་པ་བ་སྦྱོར་ཚུལ་བསྡུར་བ།

བོད་རྒྱ་ཚིག་མཛོད་ཆེན་མོར་ཞིབ་ཏུ་བརྟག་དཔྱད་བྱས་ཡོང་ན། མིང་མཐའི་པ་བའི་སྦྱོར་སྟངས་ཀྱི་ཐད་ནས། ད་ལྟའི་ང་ཚོ་དང་འདྲ་བར་རང་གི་ལག་ཏུ་གང་ཡོང་དང་ངག་ཏུ་གང་བདེར་བྱས་ནས་རྙོག་རྫོབ་ཀྱིས་བྲིས་མེད་པར། བོད་སྤྱིའི་སྐད་གདང་དང་སྐད་ཆ་ལ་གཞི་བཅོལ་ཏེ་ཕྱོགས་སུ་མ་ལྷུང་བའི་ཐུན་མིན་གྱི་མིང་མཐའི་པ་བ་སྦྱོར་ཚུལ་གྱི་གཞུང་ལུགས་རང་བཞིན་ཅན་གྱི་རིགས་ལམ་གསར་བ་ཞིག་གི་སྒོ་མོ་ང་ཚོར་ཕྱེས་ཡོད་པར་འདོད།  དེ་ཡང་བོད་རྒྱ་ཚིག་མཛོད་ཆེན་མོ་ནི། སི་ཏུ་བསྟན་པའི་ཉིན་བྱེད་ཀྱི་《སི་ཏུའི་སུམ་རྟགས་འགྲེལ་ཆེན་》[⑦]དུ་བདག་སྒྲའི་ཕྲད་པ་དང་པོ་གཉིས་མ་གཏོགས་མི་འདོད་པ་དང་། དེ་གཉིས་ཀྱང་ཕྲད་གཞན་དབང་ཅན་དུ་འདོད་པའི་རྐྱེན་གྱིས། ཁོང་གི་བརྡ་སྤྲོད་ཀྱི་གཞུང་ལ་སློབ་གཉེར་བྱེད་མཁན་ཚོས་གོ་བ་ཡག་པོ་མ་ལོན་པར། མིང་མཐའི་པ་བ་ཡང་ཡོད་ཚད་པ་རྐྱང་འབྲི་བ་ལྟ་བུའི་ཆད་མཐར་ལྷུང་མེད་པ་དང་། དག་ཡིག་ཟ་མ་ཏོག་དང་དམུ་དགེ་བསམ་གཏན་རྒྱ་མཚོའི་སུམ་འགྲེལ་[⑧]བཞིན་བདག་སྒྲ་དང་མིང་མཐའི་པ་བ་ཡོད་ཚད་སྡོམ་ཚིག་གཅིག་གིས་ལེབ་རྡུང་བྱེད་པ་ལྟ་བུའི་རྟག་མཐར་ཡང་ལྷུང་མེད་པ། ད་དུང་དབྱངས་ཅན་གྲུབ་པའི་རྡོ་རྗེའི་ལེགས་བཤད་ལྗོན་དབང་བཞིན་ཆ་ཡའི་སྦྱོར་ཚུལ་ལྟ་བུའི་རྙོག་དྲ་མེད་པ་བཅས་ཁྱད་པར་ཡོད། སྔོན་བྱོན་བརྡ་སྤྲོད་སྨྲ་བ་མང་བོ་ཞིག་གིས་བདག་སྒྲའི་པ་བ་དང་མིང་མཐའི་པ་བ་སོ་སོར་མ་ཕྱེས་པར་མཉམ་དུ་བྲིས་པ་དང་མཉམ་དུ་ཁྲིད་པས། བདག་སྒྲའི་པ་བ་དང་མིང་མཐའི་པ་བའི་སྦྱོར་ཚུལ་ཐད་ལ་རྙོག་དྲ་ཆེན་པོ་འདི་བྱུང་བར་སེམས། དཔེར་ན། དབྱངས་ཅན་གྲུབ་པའི་རྡོ་རྗེས་བདག་སྒྲ་བཤད་སྐབས། མིང་མཐའི་པ་བ་འང་ཕལ་ཆེར་འདྲ། །[⑨]ཞེས་མིང་མཐའི་པ་བ་ཡང་དྲུད་ཡོང་ཡོད་པ་དང་། དེ་བཞིན་ཚེ་ཏན་ཞབས་དྲུང་གི་ཐོན་མུའི་ཞལ་ལུང་དུའང་བདག་སྒྲ་བཤད་སྐབས། པ་པོ་རྣམས་ཀྱི་ཐོབ་ཐང་ལ་སྟོང་པ་། རྐང་པ། ལྔ་པ་བཅུ་པ་སོགས་ལ་པ་ཡེད་དང་། བཟང་བ་དཀར་བ་སོགས་ལ་བ་ཟླུམ་དང་། བཟང་པོ་དཀར་པོ་སྙིང་པོ་དང་པོ་སོགས་ལ་པ་ཡེད་ཐོབ་པ་ནི་རྟགས་མཚུངས་དང་བརྗོད་བདེའི་དབང་གིས་མི་འདྲ་བར་གྱུར་པ་དཔེ་ཁུངས་དག་རྣམས་སུ་ཇི་ལྟར་འབྱུང་བ་བཞིན་དུ་བྲིས་ན་ལེགས་སོ། །[⑩]ཞེས་བཀོད་པ་སོགས་ལ་བལྟས་ན། སྔོན་བྱོན་བརྡ་སྤྲོད་སྨྲ་བ་མང་བོས་བདག་སྒྲ་བཤད་སྐབས་མིང་མཐའི་པ་བའང་དེར་སྦྱར་ནས་བཤད་པ། བཤད་པ་དེའང་ཟུར་ཙམ་ལས་རྒྱས་པར་བཤད་མེད་པས། མང་བོ་ཞིག་གི་སྣང་ངོར་བདག་སྒྲ་དང་མཐའི་པ་བའི་སྦྱོར་ཚུལ་གཅིག་པར་སེམས་ཏེ། བདག་སྒྲར་ཇི་ལྟར་སྦྱོར་ན་མིང་མཐའི་པ་བའང་དེ་ལྟར་སྦྱོར་དགོས་པར་འདོད་ནས། བདག་སྒྲ་ལྟར་མིང་མཐའི་པ་བའང་གཅིག་གྱུར་མ་ཆགས་པར་འདི་ལྟར་རྙོག་དྲ་ཅན་དུ་གྱུར་སོང་བར་སེམས། བདག་སྒྲའི་པ་བ་ལ་དུས་རབས་བཅོ་བརྒྱད་བཅུ་དགུ་ནས་བཞེད་པ་མི་མཐུན་པ་ཡོད་མོད། མིང་མཐའི་པ་བ་ལ་མདོ་དབུས་ཁམས་གསུམ་གྱི་མཁས་པ་གང་ཡིན་ཡང་བཞེད་པ་མི་མཐུན་པ་མེད་པར་གཅིག་གྱུར་ཡིན་པ། སྐབས་དེའི་མཁས་དབང་ཚོའི་གསུང་རྩོམ་དག་ལ་བལྟས་ན་ཤེས་ཐུབ། སློབ་དཔོན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ཀྱིས། དེང་སང་བོད་ཡིག་དཔེ་སྐྲུན་ཁང་དང་། ཞུ་ཆེན་པ། གཙོ་སྒྲིག་པ་རྣམས་ཀྱིས་དག་པ་མ་དག་པར་བཅོས་ནས།  སྔོན་གྱི་ཡིག་རྙིང་དག་གི་མ་དཔེའི་ནང་གི་པ་ཡིག་ཕལ་ཆེར་བ་ཡིག་ཏུ་བསྒྱུར་སྟབས། ནང་དོན་འགའ་ཞིག་གོ་དཀའ་བར་གྱུར་ཏེ། དཔེ་རྙིང་ལ་དངོས་ཡོད་ཀྱི་རིན་ཐང་ཉམས་གུད་དུ་ཕྱིན་ཡོད་པ་ནི་བློ་ཕམ་པའི་གནས་ཤིག་རེད།[11]ཅེས་གསུངས་པ་བཞིན་རེད། དེ་བས་ང་ཚོ་ཕྱི་རབས་པའི་ཕྲག་ཏུ་ལྷག་ཡོད་པའི་འགན་ཁུར་ནི།བདག་སྒྲ་དང་མིང་མཐའི་པ་བ་གཉིས་ལ། སོ་སོར་དཔྱད་ནས་བསམ་ཞིབ་བརྡར་གཅོད་མང་བོ་བྱས་ནས། བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལུགས་འདི་ཆ་ཇེ་ཚང་དང་ཚག་ཇེ་ཞིབ་ཏུ་བཏང་སྟེ། མིང་མཐའི་པ་བ་ལྟ་བུའི་གནད་དོན་དང་རྙོག་འཛིང་དག་བསལ་ཏེ་གཅིག་གྱུར་གཏོང་རྒྱུ་ནི་བྱོལ་དུ་མེད་པའི་འོས་འགན་དུ་སེམས་སོ། །

ལྔ་པ། བོད་རྒྱ་ཚིག་མཛོད་ཆེན་མོར་མིང་མཐའི་པ་བ་ཇི་ལྟར་སྦྱར་ཡོད་ཚུལ་བཤད་པ།

བོད་རྒྱ་ཚིག་མཛོད་ཆེན་མོར་མིང་མཐའི་པ་བ་སྦྱོར་སྐབས། ག་ད་ན་བ་མ་ས་དང་ད་དྲག་ཅན་མཐར་པ་དང་པོ་སྦྱོར་བ་ལ་སྔོན་གྱི་བརྡ་སྤྲོད་གཞུང་རེ་འགའ་ན་ཡོད་པ་བཞིན་བཞེད་པ་མི་མཐུན་པ་མེད་པར་དེ་ལྟར་སྦྱོར་གྱིན་ཡོད། གཙོ་བོ་རྗེས་འཇུག་ང་འ་ར་ལ་བཞི་པོ་དང་མཐའ་རྟེན་ཏེ་རྗེས་འཇུག་མེད་མཐར། སྔོན་གྱི་བརྡ་སྤྲོད་ཀྱི་གཞུང་རེ་འགའ་ལྟར་ན་བ་ཡིག་སྦྱོར་མོད། བོད་རྒྱ་ཚིག་མཛོད་ཆེན་མོར་རྗེས་འཇུག་ང་འ་ར་ལ་དང་མཐའ་རྟེན་མེད་པ་ཙམ་ཡིན་ན།བ་སྦྱོར་བའི་ངེས་པ་མེད་ལ། པ་མི་སྦྱོར་བའི་ངེས་པའང་མེད། རྟག་ཆད་ཀྱི་མཐར་མ་ལྷུང་བའི་སྒོ་ནས་སྔོན་གྱི་ཡིག་རྙིང་དང་བོད་བྱིངས་ཀྱི་སྐད་ལ་གཞིགས་ཏེ་པ་བ་གཉིས་ཀ་སྦྱོར་གྱིན་ཡོད། དེས་ན་པ་བ་གཉིས་ཇི་ལྟར་སྦྱོར་གྱིན་ཡོད་ཅེ་ན། བོད་རྒྱ་ཚིག་མཛོད་ཆེན་མོར་རྗེས་འཇུག་ང་འ་ར་ལ་དང་མཐའ་རྟེན་མེད་པ་ཡིན་མིན་ཙམ་ལ་བལྟས་པའི་མི་ཆོག་པར། ད་དུང་དེའི་སྟེང་དུ་པ་བ་སྦྱར་ཡུལ་དེ། མིང་རྐྱང་དང་ལས་ཚིག་གང་ཡིན་པ་དེས་པ་བ་གང་སྦྱོར་འབྱེད་ཀྱིན་ཡོད། ཡང་ཅིག་བཤད་ན། རྗེས་འཇུག་ང་འ་ར་ལ་གང་རུང་དང་ལྡན་པའམ་ཡང་ན་མཐའ་རྟེན་མེད་པ་ཡིན་པ་གང་ཞིག པ་བ་སྦྱོར་ཡུལ་དེ་ལས་ཚིག་ཡིན་ན་བ་སྦྱོར་ལ། མིང་རྐྱང་ཡིན་ན་པ་སྦྱོར། འོན་ཀྱང་། འདི་ལ་ཁྱབ་པ་ཡོད་པ་མ་རེད། དམིགས་བསལ་ཅན་རེ་ཟུང་མ་གཏོགས། མདོ་དབུས་ཁམས་གསུམ་གྱི་སྐད་དུ་མང་ཆེ་བ་དེ་ལྟར་སྦྱོར་གྱིན་ཡོད། སྤྱིར་བཏང་དམིགས་སུ་བསལ་བ་དེ།  བསྟན་བཅོས་ཀུན་ལ་རབ་ཏུ་གཅེས། ཞེས་གསུངས་པ་ལྟར་རེད།

དཔེར་ན། བོད་རྒྱ་ཚིག་མཛོད་ཆེན་མོར་རྗེས་འཇུག་ང་ཡིག་ཡིན་ཡང་པ་དང་བ་གཉིས་ཀ་སྦྱོར་བཞིན་ཡོད། སྦྱོར་བ་དེའང་ལག་ཏུ་གང་ཡོང་དང་ངག་ཏུ་གང་བདེ་མིན་པར་གཞུང་ལུགས་རང་བཞིན་ཅན་གྱིས་སྦྱོར་བཞིན་ཡོད། གོང་དུ་དྲངས་མ་ཐག་པ་བཞིན། རྗེས་འཇུག་ང་འ་ར་ལ་གང་རུང་དང་ཡང་ན་མཐའ་རྟེན་མེད་པ་ཡིན་པ་གང་ཞིག པ་བ་སྦྱོར་ཡུལ་དེ་ལས་ཚིག་ཡིན་ན་བ་སྦྱོར་ལ། མིང་རྐྱང་ཡིན་ན་པ་སྦྱོར་གྱིན་ཡོད།


གཞན་བོད་རྒྱ་ཚིག་མཛོད་ཆེན་མོར་རྗེས་འཇུག་ང་འ་ར་ལ་གང་རུང་དང་ལྡན་པའམ་ཡང་ན་མཐའ་རྟེན་མེད་པ་ཡིན་པ་གང་ཞིག པ་བ་སྦྱོར་ཡུལ་དེ་རྒྱན་ཚིག་ཡིན་ན་བ་སྦྱོར་ཡོད་པ། དཔེར་ན། རིང་བ། ཐུང་བ། ཆེ་བ། ཆུང་བ། ཉུང་བ། མང་བ། བཟང་བ། དགེ་བ། བདེ་བ། དམར་བ། དཀར་བ། དལ་བ། ཡང་བ། དཔའ་བ། གཙང་བ།

དེ་མིན་གོང་གི་འགྲོ་ཕྱོགས་དང་མི་མཐུན་ཡང་བོད་རྒྱ་ཚིག་མཛོད་ཆེན་མོར་བཀོད་པ།

དཔེར་ན། རྒྱན་ཚིག་ཡིན་ཡང་པ་ཡེད་སྦྱོར་ཡོད་པ།གསར་པ། རྙིང་པ། ལྟ་བུ།

མིང་ཚིག་ཡིན་ཡང་བ་ཟླུམ་སྦྱོར་ཡོད་པ། ལོ་ཙཱ་བ། ཟླ་བ། ཀ་བ། ཁ་བ། སོགས་ལྟ་བུ་ཡོད་པ་དམིགས་བསལ་ཅན་དུ་ཤེས་དགོས་སོ། །ང་ཚོས་འདི་ལྟར་བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་དུ་བཀོད་པའི་པ་བ་དག་བསྡུར་ཏེ་འདིར་ཐོན་དུས།མདོར་ན་བོད་རྒྱ་ཚིག་མཛོད་ཆེན་མོས་ལག་ལེན་གྱི་སྟེང་ནས་འདི་ལྟར་མཛུབ་ཁྲིད་བྱས་ཏེ་སྡོམ་ཚིག་བཞག་འདུག

ག་ད་ན་བ་མ་ས་དང་ད་དྲག་ཅན་མཐར།  པ། (མིང་རྐྱང་དང་ལས་ཚིག་ལ་ཁྱད་མེད།) ང་འ་ར་ལ་མཐའ་མེད་མཐར།  ལས་ཚིག་དང་རྒྱན་ཚིག་མཐར། བ།    མིང་རྐྱང་མཐར། པ།

སྡོམ།

ག་ད་ན་བ་མ་ས་དང་།།

ད་དྲག་ཅན་མཐར་པ་ཡེད་ཐོབ།།

ང་འ་ར་ལ་མཐའ་མེད་མཐར།།

མིང་རྐྱང་པ་དང་ལས་རྒྱན་བ།།

དྲུག་པ། རྒྱུ་མཚན་གཙོ་བོ་གསུམ་གྱི་སྒོ་ནས་མིང་མཐའི་པ་བ་འདི་ལྟར་སྦྱོར་ན་ཡང་དག་ཡིན་ཚུལ་བཤད་པ།

གཅིག

མིང་མཐའི་པ་བ་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་ཀྱི་མི་གྲངས་སྟེང་ནས་བལྟས་ན། ཉིས་སྟོང་ལོར་སྡོམ་རྩིས་བྱས་པ་ལྟར་ན། བོད་མི་རྒྱལ་ནང་དུ་5416021ཡོད་པ་རེད། དེའི་ནང་དུ་དབུས་སྐད་བཤད་མཁན་ཕལ་ཆེར་མི་ཁྲི་160ལྷག་དང་། ཁམས་སྐད་བཤད་མཁན་ཕལ་ཆེར་མི་ཁྲི་227ལྷག ཨམ་སྐད་བཤད་མཁན་ཕལ་ཆེར་མི་ཁྲི་121ལྷག་ཡོད་པ་རེད། [12]ཅེས་བཀོད་འདུག་པར་གཞིག་ན་མི་གྲངས་ཀྱི་ཆ་ནས་དབུས་གཙང་དང་ཁམས་པ་བསྡོམས་ན་མི་ཁྲི་387ལྷག་ཡོད་པས། བོད་མི་བརྒྱ་ཆའི་བདུན་ཅུའི་བོད་རྒྱ་ཚིག་མཛོད་ཆེན་མོ་ལྟར་ཁོ་ཚོའི་སྐད་དུ་ང་འ་ར་ལ་མཐའ་མེད་མཐར། མིང་རྐྱང་དང་ལས་ཚིག་ལ་བལྟས་ཏེ་པ་བ་སྦྱོར་གྱིན་ཡོད།

གཉིས།

མདོ་དབུས་ཁམས་གསུམ་གྱི་སྔོན་བྱོན་མཁས་དབང་རྣམས་པས་ཀྱང་གསུང་རྩོམ་དག་ཏུ་འདི་ལྟར་ང་འ་ར་ལ་མཐའ་མེད་མཐར། མིང་རྐྱང་པ་དང་ལས་ཚིག་བ་སྦྱར་ཡོད། དེ་བས་སྔོན་ཕྱོན་མཁས་དབང་རྣམ་པའི་གསུང་རྩོམ་དག་གཅིག་གྱུར་ཡིན་པས་མདོ་དབུས་ཁམས་གསུམ་གྱི་མི་སུས་བཀླགས་ཀྱང་གོ་བཞིན་ཡོད། དཔེ་བརྗོད་རེ་འགའ་དྲངས་ན། མི་ལ་རས་པའི་རྣམ་མགུར།ས་སྐྱ་ལེགས་བཤད། མཁས་པའི་དགའ་སྟོན། བྱ་སྤྲེལ་གཏམ་རྒྱུད། དེབ་སྔོན། དེབ་ཐེར་དཀར་པོ། བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། ཀུན་མཁྱེན་འཇིགས་མེད་དབང་བོའི་གསུང་འབུམ། རྗེ་ཙོང་ཁ་པའི་གསུང་འབུམ་སོགས་ཧ་ཅང་མང་ངོ་། །

གསུམ།

བོད་ལ་སྤྱི་སྐད་ཅིག་ཆགས་དགོས་ན་འདི་ལྟ་བུ་རྨང་གཞི་ཡིན་པས་གཅིག་གྱུར་གྱི་སྤྱི་སྐད་ཅིག་ཆགས་ཆེད་དང་། སྔོན་བྱོན་མཁས་དབང་རྣམ་པའི་ཤུལ་ཏུ་བཞག་པའི་རིན་བྲལ་གྱི་གཙུག་ལག་རིག་གནས་དང་། ཕྱིས་འབྱུང་གི་མདོ་དབུས་ཁམས་གསུམ་གྱི་མཁས་དབང་སུས་གསུང་རྩོམ་ཡིན་ཡང་གོ་བ་བདེ་ལེགས་ངང་ལོན་ཆེད་དང་། དཔེ་རྙིང་གི་རིན་ཐང་སོགས་མི་ཉམས་པར་འཛིན་སྐྱོང་སྤེལ་གསུམ་སོགས་ཀྱི་ཆེད་ལ་དམིགས་ཏེ། ང་ཚོ་ཕྱི་རབས་པ་ཚོས་སྔོན་བྱོན་མཁས་དབང་རྣམ་པའི་གསུང་ཚད་ལྡན་དག་ལ་གཞི་བཅོལ་ཏེ་བོད་གངས་རིའི་ལྗོངས་འདི་གོང་བུ་གཅིག་གྱུར་དུ་སྒྲིལ་ཆེད། བོད་རྒྱ་ཚིག་མཛོད་ཆེན་མོ་ལྟར་བྲིས་ན་དགེ་མཚན་ཆེ་བ་དང་ཡང་དག་པར་སེམས་སོ། །

1.མདོ་དབུས་ཁམས་གསུམ་གཅིག་མཐུན་ཡིན་པ། ག་ད་ན་བ་མ་ས་དང་ད་དྲག་ཅན་མཐར། →པ།

2.དབུས་ཁམས་གཉིས་མཐུན་པ། ང་འ་ར་ལ་མཐའ་མེད་མཐར། མིང་རྐྱང་།→པ། ལས་ཚིག་དང་རྒྱན་ཚིག →བ།

2.ཨ་མདོ། འ་ང་ར་ལ་མཐའ་མེད་མཐར། ཚང་མར།→བ།

མཇུག་བསྡུ་བ།

བོད་རྒྱ་ཚིག་མཛོད་ཆེན་མོ་ལ་གཞི་བཅོལ་ཏེ་མིང་མཐའ་པ་བ་ཅུང་གླེང་ཁུལ་བྱེད་དགོས་དོན། ང་ཚོ་མང་པོ་ཞིག་གིས་གང་ཞིག་འབྲི་ཁུལ་བྱེད་སྐབས་དང་། དཔེ་ཆ་གང་རུང་རེ་ཞུ་དག་གཏོང་སྐབས་སོགས་གང་ཡིན་ཡང་། མིང་མཐའ་པ་བ་ནི་ནམ་ཡང་རྙོག་དྲ་ཆེ་ཤོས་དེ་ཡིན། འདི་ལྷག་ཏུ་ཐ་སྙད་གཅིག་གཉིས་ཀྱི་དག་ཆ་ཙམ་གྱི་རྙོག་དྲ་མིན་པར། མིང་མཐའི་པ་བ་ནི་ཧ་ཅང་བཀོལ་རྒྱ་ཆེ་བས་རྙོག་རྫོབ་ཆེ་བ། དེ་བས་ནམ་ཡང་འདི་ཕྱོགས་ལ་དོ་ཁུར་དང་བསམ་གཞིག་བྱས་པ་ཡིན། སྤྱིར་ང་ལ་མཚོན་ན་བློ་གསལ་འཇུག་ངོགས་ཀྱི་དཔེ་ཁྲིད་བཅུ་ཡར་མར་མཐར་ཆགས་སུ་ཐོབ་མྱོངས་མོད། འོན་ཀྱང་། དེ་ཙམ་རྒྱུ་མཚན་དུ་བཟུང་སྟེ་ཕྱོགས་ཞེན་དང་རང་ལྟ་མཁྲེགས་འཛིན་མ་བྱས་པར། བོད་སྤྱིའི་སྐད་གདངས་དང་སྔོན་བྱོན་གསུང་རྩོམ་ལ་གང་མཐུན་པ། གང་ལ་གནས་ལུགས་དང་རིགས་པ་ཡོད་ན་དེ་ཚད་ལྡན་དུ་འཛིན་ཁུལ་བྱས་པ་ཡིན། གནས་སྐབས་ངའི་རྨོངས་བློར་འདི་ལྟར་བོད་རྒྱ་ཚིག་མཛོད་ཆེན་མོ་ལྟར་སྦྱོར་ན་ལེགས་པར་སེམས་ཀྱིན་ཡོད་ཀྱང་། ཕྱིས་སུ་འདི་ལས་ལྷག་པའི་ལུང་རིགས་དང་གནས་ལུགས་ལྡན་པའི་མིང་མཐའི་པ་བ་སྦྱོར་ཚུལ་གྱི་ལེགས་བཤད་གྱ་ནོམ་པ་འབྱུང་ན། དེར་རྗེས་སུ་ཡི་རངས་ཀྱིས་དེང་ལེན་བྱེད་ངེས་ཡིན། དེ་མིན་ཐོན་མིའི་དགོངས་པ་དགྲོལ་བ་ལ་ཐོན་མི་གཉིས་པ་དང་ཁྱད་མ་མཆིས་པའི་སྔོན་བྱོན་མཁས་དབང་གནམ་གྱིས་ས་བཀབ་པ་རྣམས་ཀྱི་གསུང་ལ་དཔྱད་པ་གཏོང་ཁུལ་བྱེད་པ་ནི། སྲིད་བུ་མེ་ཁྱེར་ཀྱིས་ཉི་མའི་འོད་ལ་གཞལ་བ་ལྟ་བུ་ཡིན་ཞིང་།ནོར་འཁྲུལ་གྱི་ཆ་མང་པོ་ཞིག་ཡོད་པ་སྨྲོས་མེད་ཡིན་པས།མ་ཤེས་པ་མཐོལ་ཞིང་འཆགས་པ་དང་། མགོན་དགེ་བའི་བཤེས་གཉེན་རྣམས་དང་གཟུར་གནས་མཁས་དབང་ཚོས་མཛུབ་སྟོན་དང་བསམ་ཚུལ་ལྷུག་བརྗོད་ཡོད་པར་རེ་སྐུལ་བྱས་པ་ལགས་སོ། །

ལུང་ཁུངས།

[①] དཔྱད་རྩོམ་འདི་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མའི་ལས་གཞིའི་རྣམ་གྲངས་ཞེས་པའི་གྲུབ་འབྲས་ཀྱི་ཆ་ཤས་ཡིན། ལས་གཞིའི་ཨང་རྟགས། Yxm2017061

[②] སྐུ་ཞབས་ཀྲང་དབྱི་སུན་གྱིས་གཙོ་སྒྲིག་བྱས།⟪བོད་རྒྱ་ཚིག་མཛོད་ཆེན་མོ།⟫[M]མི་རིགས་དཔེ་སྐྲུན་ཁང་།1985ལོར་དཔར། ཤ3

[③] ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་བཀའ་བསྟན་དཔེ་བསྡུར་ཁང་གིས་བསྒྲིགས། ⟪བསྟན་འགྱུར་དཔེ་བསྡུར་མ།⟫ [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2003ལོར་དཔར། དེབ་གྲངས115ཚན་པ་དང་པོ་དང་གཉིས་པ།

[④] བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་བསྒྲིགས།  ⟪དཀར་ཆག་འཕང་ཐང་མ་དང་སྒྲ་སྦྱོར་བམ་གཉིས།⟫[M]མི་རིགས་དཔེ་སྐྲུན་ཁང་།2003ལོར་དཔར། ཤ 204

[⑤] སྐུ་ཞབས་དབང་རྒྱལ་གྱིས་གཙོ་སྒྲིག་བྱས།⟪ཧྥ་རན་སིར་ཉར་བའི་ཏུན་ཧོང་བོད་ཡིག་ཤོག་དྲིལ་གྱི་ཞིབ་གསར་དཀར་ཆག⟫[M]མི་རིགས་དཔེ་སྐྲུན་ཁང་། 2002ལོར་དཔར། ཤ112

[⑥] དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གྱིས་བརྩམས།⟪བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ལོ་རྒྱུས་མདོ་ཙམ་བརྗོད་པ།⟫[M]མི་རིགས་དཔེ་སྐྲུན་ཁང་།1984ལོར་དཔར། ཤ64

[⑦] སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་བརྩམས།⟪སི་ཏུའི་སུམ་རྟགས་འགྲེལ་ཆེན།⟫[M] ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།1957 ལོར་དཔར། ཤ 967

[⑧] དམུ་དགེ་བསམ་གཏན་རྒྱ་མཚོས་བརྩམས།⟪བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས།⟫[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2005ལོར་དཔར།   ཤ 57

[⑨] ⟪སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་དབང་གི་སློབ་དེབ།⟫[M]ཚ་སྤྲུལ་ངག་དབང་བློ་བཟང་གིས་བརྩམས།1959མི་རིགས་དཔེ་སྐྲུན་ཁང་།ཤོག་གྲངས་།84

[⑩] ཚེ་ཏན་ཞབས་དྲུང་གིས་བརྩམས།⟪ཐོན་མའི་ཞལ་ལུང་།⟫[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།2006 ལོར་དཔར། ཤ 201

[11] ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས།⟪དེང་དུས་པ་བ་གཉིས་སྤྱོད་སྟངས་ནོར་བའི་དོན་སྐྱོན་སྐོར་བཤད་པ།⟫[Z]2016.9.20Bernagchen108  Zineསྟེང་བཀོད།

[12] ཅོ་ནེ་སངས་རྒྱས་བསོད་ནམས་ཀྱིས་བརྩམས།མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་གཤིབ་བསྡུར་ལས་བོད་ཀྱི་སྤྱི་སྐད་གཏན་འབེབས་སྐོར་ལ་དཔྱད་པ།⟪བླ་སྲོག⟫[J]2008ལོའི་སྤྱིའི་འདོན་ཐེངས་ལྔ་པ། ཤ 32