རྨ་ལྷོ་ཁུལ་གྱིས་མཐོ་སྒང་དུ་ཆུ་འབྲས་འདེབས་འཛུགས་བྱེད་པའི་སྟོང་ཆ་དེ་བསྐངས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས་སྤེལ་བའི་ཆུ་འབྲས་འདེབས་འཛུགས་ཚོད་ལྟ་བྱ་བ་དེ་ད་ལྟ་མྱུ་གུ་འདེབས་འཛུགས་བྱེད་པའི་དུས་སྐབས་སུ་སླེབས་ཡོད། རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། དེ་ཡང2015ལོ་ནས་བཟུང་གཅན་ཚ་རྫོང་གིས་ཆུ་འབྲས་འདེབས་འཛུགས་བྱ་བའི་ཚོད་ལྟ་དེ་འཕྲོ་རིམ་འཕྲོར་ལོ་ངོ4ཡི་རིང་ལ་སྤེལ་བ་དང་། དེས་མཚོ་སྔོན་ས་ཁུལ་དུ་ཆུ་འབྲས་འདེབས་འཛུགས་བྱེད་པའི་ཐད་ཀྱི་སྟོང་ཆ་མང་པོ་ཞིག་བསྐངས་པ་རེད།

མཚོ་སྔོན་ནི་རང་རྒྱལ་གྱི་ཆུ་འབྲས་འདེབས་འཛུགས་མེད་པའི་ཞིང་ཆེན་གཅིག་པུ་ཡིན་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གནམ་གཤིས་བརྟག་དཔྱད་ཅུའུ་དང་ཞིང་ཕྱུགས་ཅུའུ་གཉིས་ཀྱིས་ཕྱོགས་མང་པོ་ནས་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད། 2015ལོར་གཅན་ཚ་རྫོང་གདོང་སྣ་གྲོང་བརྡལ་ཆུ་འབྲས་འདེབས་འཛུགས་བྱེད་སའི་ཚོད་ལྟའི་ས་ཁུལ་དུ་འདེམས་པ་རེད། འོན་ཀྱང་ཐེངས་གཉིས་ཀྱི་ཚོད་ལྟར་ཕམ་ཁ་བྱུང་བ་རེད། 2017ལོར་གཅན་ཚ་རྫོང་གནམ་གཤིས་བརྟག་དཔྱད་ཅུའུ་ཡི་ཞིང་ལས་དང་གནམ་གཤིས་བྱ་བ་སྒྲུབ་མཁན་གྱི་མི་སྣ་དག་གིས་དུས་སྔོན་མའི་ཕམ་ཁའི་ཉམས་མྱོང་ཕྱོགས་བསྡོམས་བྱས་པས། ཆུ་འབྲས་ཀྱི་ཚོད་ལྟའི་འདེབས་འཛུགས་བྱ་བར་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་ཆུ་འབྲས་ལ་སྙེ་མ་ཐོགས་པར་གྱུར།

2018ལོར་གཅན་ཚ་རྫོང་གནམ་གཤིས་ཅུའུ་ཡི་ལས་བྱེད་མི་སྣ་དག་གིས་དུས་སྔོན་མའི་ཆུ་འབྲས་འདེབས་འཛུགས་ཀྱི་ཚོད་ལྟའི་ཁྲོད་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱ་བའི་རྨང་གཞིའི་སྟེང་མུ་མཐུད་དུ་ཆུ་འབྲས་འདེབས་འཛུགས་བྱ་བར་ཚོད་ལྟ་བྱས། “ན་ནིང་ང་ཚོས་རྒྱ་ཁྱོན་ལ་སྤྱི་ཆིངས0.13ཡོད་པའི་ཆུ་འབྲས་འདེབས་འཛུགས་ཚོད་ལྟ་ལ་འབྲས་བུ་སྨིན་མ་ཐུབ། ད་ལྟ་ཆུ་འབྲས་འདེབས་འཛུགས་ཁྲོད་ཀྱི་ཆེས་ཆེ་བའི་གནད་དོན་ནི་མཐོ་སྒང་གི་གནམ་གཤིས་གཏན་འཇགས་མིན་པ་དང་གནམ་གཤིས་འཁྱག་པའི་ཚད་གཞི་ཅུང་མང་པ། གནམ་གཤིས་ལ་འགྱུར་ལྡོག་ཅུང་མང་པ་དེ་ཡིན”ཞེས་གཅན་ཚ་རྫོང་གནམ་གཤིས་ཅུའུ་ཡི་ཆུ་འབྲས་འདེབས་འཛུགས་ལས་གཞིའི་མདོ་འཛིན་པ་ཝང་ཀྲོའུ་ཡིས་བཤད་པ་རེད།

དེ་ལྟར་ཚོད་ལྟའི་འདེབས་འཛུགས་ལ་གྲུབ་འབྲས་ལེགས་པོ་ཞིག་སྨིན་པ་དང་ད་ལོའི་ལོ་སྟོད་ནས་འགོ་བཙུགས་སྟེ། གཅན་ཚ་རྫོང་གནམ་གཤིས་བརྟག་དཔྱད་ཅུའུ་ཡི་ལས་བྱེད་མི་སྣ་དག་གིས་ཐེངས་མང་པོར་གཤིན་སའི་གནས་བབ་ལ་བརྟག་དཔྱད་བྱས་ནས་ཆུ་འབྲས་འདེབས་འཛུགས་བྱ་བའི་དུས་སྔོན་མའི་གྲ་སྒྲིག་བྱ་བ་ལེགས་པོར་བསྒྲུབས་པ་རེད། ཟླ3པ་ནས་ཟླ4པའི་བར་དྲོད་ཁང་དུ་ཆུ་འབྲས་གྱི་མྱུ་གུ་འདེབས་འཛུགས་བྱེད་པ་དང་ཚན་རིག་ལ་བརྟེན་ནས་འདེབས་འཛུགས་བྱེད་པ། དྲོད་ཁང་ནང་གི་ཆུ་འབྲས་ཀྱི་མྱུ་གུར་དོ་དམ་བྱེད་པ་བཅས་བྱས། ཟླ5པའི་ཟླ་དཀྱིལ་ལ་གཅན་ཚ་རྫོང་གི་གནམ་གཤིས་ཀྱི་དྲོད་གྲང་དེ་ལོ་སྔོན་མ་དག་ལས་ཅུང་དམའ་ལ། ཆར་ཆུའི་འབབ་ཚད་མང་པ། ཆར་ཆུའི་འབབ་ཚད་ཀྱི་ཆ་རྐྱེན་དེ་ཆུ་འབྲས་ཀྱི་མྱུ་གུ་དྲོད་ཁང་དུ་འདེབས་འཛུགས་ཀྱིས་གསོ་སྤེལ་བྱེད་པར་ཧ་ཅང་ཕན་པ་རེད། དེའི་རྐྱེན་གྱིས་མྱུ་གུ་འདེབས་འཛུགས་བྱ་བ་དེ་ལོ་སྔོན་མ་ལས་ཟླ་གཅིག་གིས་སྔ་བ་རེད། དེ་ལྟར་ཟླ5པའི་ཟླ་མཇུག་བར་གཅན་ཚ་རྫོང་གནམ་གཤིས་ཅུའུ་ཡིས་ཆུ་འབྲས་ཀྱི་མྱུ་གུ་གནས་སྤོར་འདེབས་འཛུགས་བྱ་བ་དེ་བདེ་བླག་ངང་ལེགས་འགྲུབ་བྱས་ཤིང་། ཟླ6པ་ནས་བཟུང་ཆུ་འབྲས་དེ་ཁྱོན་ཡོངས་ནས་སྐྱེ་འཕེལ་གྱི་དུས་རིམ་དུ་ཞུགས་རྒྱུ་ཡིན་པ་རེད།

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། ད་ལོ་ཆུ་འབྲས་ཚོད་ལྟའི་འདེབས་འཛུགས་དེ་དུས་ཚོད་མི་འདྲ་བ་བཞི་རུ་བགོས་ནས་འདེབས་འཛུགས་བྱ་རྒྱུ་ཡིན་ལ། དེའི་དམིགས་ཡུལ་གཙོ་བོ་ནི་མཐོ་སྒང་གི་གནམ་གཤིས་ཆ་རྐྱེན་འོག་གཅན་ཚ་རྫོང་གི་རྨ་ཆུའི་འབབ་རྒྱུད་དུ་ཆུ་འབྲས་འདེབས་འཛུགས་བྱེད་པའི་ཆེས་ལེགས་པོའི་དུས་སྐབས་ཡིན་ལ། རྨ་ཆུའི་འབབ་རྒྱུད་ཀྱི་ཆུ་འབྲས་འདེབས་འཛུགས་ཐད་ལ་ལག་བསྟར་རང་བཞིན་གྱི་ཇུས་གཞི་འདོན་སྤྲོད་བྱས་པ་མ་ཟད། རྗེས་ཕྱོགས་ཀྱི་ཞིབ་འཇུག་ཐད་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།