དར་མཚོ་རྫོང་གིས་འཕྲོད་བསྟེན་ཤེས་བྱའི་བྱ་འགུལ་སྤེལ་པ།

ཞིང་ཆེན་རིམ་པའི་འཕྲོད་བསྟེན་རྫོང་མཁར་འཛུགས་སྐྲུན་བྱེད་པའི་བྱ་འགུལ་གྲུབ་འབྲས་སྔར་ལས་ཇེ་བརྟན་དང་། དྲིལ་སྒྲོག་ནུས་ཤུགས་ཆེ་རུ་བསྐྱེད་པ། འཕྲོད་བསྟེན་རྩ་འཛུགས་ཀྱི་གླེང་ཕྱོགས་ཁ་དབུགས་སྟུག་པོ་བཅས་ཆགས་ཆེད། ཉེ་ལམ། དར་མཚོ་རྫོང་གིས་འཕྲོད་བསྟེན་འཛུགས་སྐྲུན་ཤེས་བྱའི་འཕེལ་རིམ་དྲུག་གི་བྱ་འགུལ་གྱི་བྱེད་ཕྱོགས་ལྟར་རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་། རྫོང་བོད་སྨན་ཁང་། རྩི་གོར་ཐང་གྲོང་རྡལ་འཕྲོད་བསྟེན་ཁང་བཅས་ཀྱིས་རྫོང་གི་བུ་བཅོལ་ཁང་ནས་འཕྲོད་བསྟེན་ཤེས་བྱ་བུ་བཅོལ་ཁང་དུ་བསྐྱོད་པ་ཞེས་པའི་དྲིལ་སྒྲོག་བྱ་འགུལ་སྤེལ།

བྱ་འགུལ་ཡུལ་དངོས་སུ། ལས་བཟོ་བ་རྣམས་ཀྱིས་འཕྲོད་བསྟེན་གསར་འཛུགས་ཀྱི་དྲིལ་སྒྲོག་བྱང་བུ་དང་དྲིལ་སྒྲོག་ལག་དེབ། དྲིལ་སྒྲོག་བརྡ་སྦྱོར་སོགས་སྟེར་བའི་རྣམ་པ་བརྒྱུད་དེ། བུ་བཅོལ་ཁང་གི་དགེ་སློབ་རྣམས་ལ་དྲིལ་སྒྲོག་དང་། ཁོར་ཡུག་གི་འཕྲོད་བསྟེན་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཀློག་འགྲེལ་བྱས་ལ། འཕྲོད་བསྟེན་གྱི་བུ་བཅོལ་ཁང་འཛུགས་སྐྲུན་དང་། བདེ་ཐང་ལ་སྐུལ་འདེད་བྱེད་པའི་འཕྲོད་བསྟེན་གྱི་ཤེས་བྱའི་དྲི་བ་དྲིས་ལེན་འདེབས་པའི་བྱ་འགུལ་སྤེལ།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱ་འགུལ་ལ་འཕྲེད་བྱང་དྲུག་བཀལ་ཞིང་། དྲིལ་སྒྲོག་ལག་དེབ་དྲུག་བརྒྱ་ལྷག་བྱིན། དགེ་སློབ་དག་བྱ་འགུལ་ལ་ཞུགས་པའི་མི་གྲངས་དགུ་བརྒྱ་ལྷག་ལ་བུད།

བྱ་འགུལ་དེ་སྤེལ་བ་བརྒྱུད་ནས། རྒྱ་ཆེའི་དགེ་སློབ་རྣམ་པས་ཞིང་ཆེན་རིམ་པའི་འཕྲོད་བསྟེན་རྫོང་འཛུགས་པའི་ཤེས་ཚད་མཐོར་འདེགས་སུ་བཏང་ནས། སློབ་མས་ཁྱིམ་བདག་ལ་སྐུལ་ཁྲིད་བྱེད་པའི་དྲིལ་སྒྲོག་གི་རྣམ་པ་གྲུབ་ཅིང་། ཞིང་ཆེན་རིམ་པའི་འཕྲོད་བསྟེན་རྫོང་ལ་བསྐྱར་ཞིབ་བྱེད་པའི་བྱ་བ་སྐུལ་འདེད་ཀྱི་ནུས་པ་ཡང་ཐོན་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།