བོད་ལུགས་ས་གདན་འགྲེམས་སྟོན་སྟེང་སྦྲ་ནག་འགྲེམས་སྟོན་གྱིས་ཀུན་གྱི་ཡིད་སེམས་འཕྲོག་པར་བྱེད་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཚོ་སྔོན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནསC ཁང་དུ། སྦྲ་ནག་ཆེན་པོ་ཞིག་ཕུབས་ཡོད་པ་དང་། འདི་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་ད་ལོར2018ལོའི་ཀྲུང་གོའི་བོད་ལུགས་ས་གདན་འགྲེམས་སྟོན་སྟེང་དུ་འགྲེམས་ཞུགས་བྱས་པ་ཡིན་པ་དང་། མིག་མདུན་གྱི་ཆེས་ཆེ་བའི་སྦྲ་གུར་འདིར་ན་ནིང་འཛམ་གླིང་ཅི་ཉི་སིའི་ཟིན་ཐོར་བཀོད་ཡོད་པ་རེད།

སྦྲ་ནག་ནི་ནོར་ནག་གི་རྩིད་པ་འཁེལ་འཐག་བྱས་ནས་བཟོས་པ་ཡིན། སྦྲ་ནག་གིས་གྲང་རླུང་འགོག་ཐུབ་པ་ཁོ་ན་ཙམ་མ་ཡིན་པར། དུས་ཡུན་རིང་པོར་བཀོལ་ཐུབ་པ་མ་ཟད། རང་ཉིད་ཀྱི་དགོས་མཁོ་ལྟར་རྐྱོང་སྐུམ་བྱས་ཆོག

ལོ་འདི་འགའི་རིང་། སྦྲ་ནག་ནི་དུས་རྒྱུན་རུ་བ་སྤོར་བའི་འབྲོག་མི་ཞིག་ལ་མཚོན་ནས་བཤད་ན། དུས་ནམ་ཡང་བརྗེད་དུ་མེད་པའི་གཞིས་ཁྱིམ་དྲོན་མོ་དེ་ཡིན། ཐེངས་འདིའི་འགྲེམས་སྟོན་སྟེང་ས་རྒྱའི་ཆེ་ཆུང་གི་དབང་གིས་འཛམ་གླིང་ཅི་ཉི་སིའི་ཟིན་ཐོར་ཚུད་པའི་སྦྲ་ནག་གཅིག་པུ་མ་གཏོགས་ཕུབས་མ་ཐུབ་པ་རེད།

འགྲེམས་ཞུགས་ཚོ་ཆུང་གི་ལས་བྱེད་མི་སྣའི་ངོ་སྤྲོད་བྱས་པར་གཞིགས་ན། འཛམ་གླིང་ཅི་ཉི་སིའི་ཟིན་ཐོར་ཚུད་པའི་སྦྲ་ནག་གི་རྒྱ་ཁྱོན་ལ་རྒྱ་དཔང་གྲུ་བཞི་མ་སྨི1508སྨི་ཡོད་པ་དང་། མཐོ་ཚད་ལ་སྨི9དང་། ནང་དུ་ཀ་བ་རྩེ་གུག10ཡོད་པ་རེད། ཐེངས་འདིར་ཡུལ་ཤུལ་གྱིས་སྦྲ་ནག་འགྲེམས་ཁུལ་གཙོ་བོར་བྱས་ཡོད་པ་དང་། སྦྲ་ནག་ནང་དུ་འབྲོག་པའི་འཚོ་བའི་ཡོ་བྱད་ཅི་རིགས་དང་རྣམ་པ་སྣ་ཚོགས་པའི་ས་གདན་དང་ལག་བཟོའི་ཐོན་རྫས་བཤམས་ཡོད་པ་རེད། སྦྲའི་ཕྱི་རོལ་དུ་བསང་ཁྲི་དང་། སྒོ་ཁྱི། རྟ་ནོར་ལུག་གསུམ་སོགས་ཀྱི་འདྲ་དཔེ་དམར་བཟོ་བྱས་ཡོད་པས། རྒྱལ་ཁབ་ཕྱི་ནང་གི་འགྲེམས་ཞུགས་སྐུ་མགྲོན་རྣམས་ཀྱིས་བོད་ཁུལ་གྱི་འབྲོག་པའི་འཚོ་བ་དངོས་སུ་རོལ་མྱོང་བྱས་ཆོག

ས་གདན་གྱིས་ཐུན་མོང་མ་ཡིན་པའི་ས་ཁུལ་དང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱས་ཡོད་པ་མ་ཟད། ཡུན་རིང་བའི་ལོ་རྒྱུས་དང་རིག་གནས་ཀྱང་མངོན་པར་མཚོན་ཡོད་པ་རེད། དུས་རྒྱུན་རྩྭ་ཆུའི་དགོས་མཁོ་ལྟར་རུ་བ་སྤོར་བཞིན་པའི་འབྲོག་པ་མང་ཚོགས་ཀྱིས་རང་ཉིད་ཀྱི་ཁོམ་སྐབས་དང་བསྟུན་ནས་ནོར་ཁུལ་དང་ལུག་བལ་གྱིས་འཚོ་བའི་ཡོ་བྱད་བཟོ་རྒྱུ་ནི་ཁོ་ཚོའི་ལས་ཀ་ཞིག་ཏུ་གྲུབ་ཡོད་པ་རེད། སྦྲ་ནག་ལས་བཟོ་དང་བཀོལ་སྤྱོད་ཀྱིས་མ་གཞི་ནས་ནོར་ནག་རིག་གནས་དང་། རུ་སྤོར་རིག་གནས། ས་ཁུལ་རིག་གནས་བཅས་མངོན་པར་མཚོན་ཡོད། དེ་བས་ཏ་ལེན་དང་ཁ་གདན་གྱི་བཟོ་སྟངས་ཀྱིས་ཀྱང་ས་གདན་གྱི་བྱུང་རིམ་མཚོན་ཡོད་པ་རེད། གཞི་རྒྱུ་འདི་དག་དང་ས་གདན་འགྲེམས་སྟོན་ཟུང་འབྲེལ་བྱས་པ་ཡིས་ས་གདན་གྱི་གཏིང་ཟབ་པའི་རིག་གནས་འགྲེམས་སྟོན་བྱས་ཡོད་པ་མ་ཟད། གར་སྟེགས་འདི་ལས་རང་ཞིང་གི་རྣམ་པ་སྣ་ཚོགས་པའི་ཡུལ་སྐོར་རིག་གནས་ཀྱི་ཐོན་ཁུངས་འོས་སྦྱོར་བྱས་ཡོད་པ་རེད། 

ལོ་ཙཱ་བ།རྟ་མགྲིན་དཔལ།