རྨ་ལྷོ་ཁུལ་རེབ་གོང་རྫོང་མི་རིགས་སློབ་འབྲིང་ལྗང་མདོག་སློབ་གླིང་དུ་བདམས་ཐོན་བྱུང་བ།


ཉེ་ལམ་ཀྲུང་གུང་མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་སྲུང་སྐྱོབ་ཐིན།  མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་བཅས་ཀྱིས་སྐབས་བཅུ་བའི་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་སློབ་གྲྭ་བདམས་ཐོན་བྱུང་བ་ཁྱབ་བསྒྲགས་བྱས་ཤིང་། དེའི་ནང་ཟི་ལིང་གྲོང་ཁྱེར་གྱི་ཆུས4དང་རྫོང་3གྱི་སློབ་གྲྭ་དང་། བོད་རང་སྐྱོང་ཁུལ་ལྔ་ཡི་སློབ་གྲྭ་ཆུང་འབྲིང་བདུན་བདམས་ཐོན་གྱི་མིང་ཐོར་ཚུད་ཡོད་པ་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རེབ་གོང་རྫོང་མི་རིགས་སློབ་འབྲིང་ནི་དེ་གྲས་ཀྱི་གཅིག་རེད།

ལྗང་མདོག་སློབ་གླིང་ནི་སློབ་གླིང་ལྗང་མདོག་ཅན་དུ་བསྒྱུར་བ་ཁོ་ན་མ་ཡིན་པར་གཙོ་བོ་ཁོར་ཡུག་སློབ་གསོ་དེ་སློབ་ཁྲིད་ནས་སློབ་གླིང་ཧྲིལ་བོའི་སློབ་གསོ་དང་དོ་དམ་བྱ་བར་ཁྱབ་སྤེལ་དང་། དགེ་སློབ་གཉིས་ཀ་དམངས་གཙོ་དང་འདྲ་མཉམ་གྱི་སྒོ་ནས་ཁོར་ཡུག་སློབ་གསོའི་བྱ་འགུལ་དུ་ཞུགས་པར་རྟིང་སྐུལ་དང་། སློབ་གྲྭ་དང་གཞིས་ཁུལ་གཉིས་ཀྱི་མཉམ་འབྲེལ་ཐོག་མཐོར་འདེགས་གཏོང་བ།ལག་ལེན་ཁྲོད་ཞུགས་པ་དང་དེས་བརྒྱུད་རིམ་ཁྲོད་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྨང་གཞིའི་ཤེས་བྱ་དང་ལག་རྩལ། རྣམ་འགྱུར། བརྩེ་དུང་།  རིན་ཐང་གི་ལྟ་བ་དང་ཀུན་སྤྱོད་སོཊ་གོང་འཕེལ་གཏོང་བ། སློབ་གླིང་གི་ལས་བཟོ་པ་དང་སློབ་མ་ཡོངས་ཀྱི་ཁོར་ཡུག་གི་སྤུས་ཚད་མཐོར་འདེགས་གཏོང་བ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་རྣམ་པ་བརྟན་སྲུང་བྱེད་པ་ཞིག་ཡིན། ལྗང་མདོག་སློབ་གླིང་ནི་རང་རྒྱལ་ཀྱི་ཚན་རིག་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བ་དང་རྒྱུན་མཐུད་གོང་འཕེལ་གཏོང་བའི་རྩ་བའི་ཐབས་ཇུས་ཀྱི་བྱེ་བྲག་གི་རྣམ་པ་ཞིག་ཡིན་ཞིང་།དུས་རབས་ཉེར་གཅིག་པའི་སློབ་གླིང་གི་ཁོར་ཡུག་སློབ་གསོའི་ཐབས་ལམ་གསར་པ་ཞིག་ཀྱང་རེད།

ཐེངས་འདིའི་ལྗང་མདོག་སློབ་གླིང་དུ་བདམས་ཐོན་བྱུང་བའི་སློབ་གྲྭ་ཆུང་འབྲིང་ལ་བསྡོམས་པའི་སློབ་གྲྭ་བཅུ་ཡོད་ཅིང་། དེ་དག་ནི་ཟི་ལིང་གྲོང་ཁྱེར(ཆུས4དང་རྫོང་3འདུས།)གྱི་རྟ་ཐང་རྫོང་སློབ་འབྲིང་དྲུག་པ་དང་། ཟི་ལིང་གྲོང་ཁྱེར་སློབ་འབྲིང་བཅུ་བཞི་བ། མཚོ་སྔོན་དགེ་ཐོན་སློབ་ཆེན་ཟུར་གཏོགས་སློབ་འབྲིང་གཉིས་པ། སྐུ་འབུམ་རྫོང་ཐུ་མོན་འགག་ཡུལ་ཚོའི་ཅ་རོའུ་ཨེར་སློབ་ཆུང་།  མཚོ་བྱང་ཁུལ་གྱི་ན་གོར་མོ་གྲོང་ཁྱེར་སློབ་འབྲིང་གཉིས་པ།མཚོ་ལྷོ་ཁུལ་གྱི་ཁྲི་ཀ་རྫོང་རྨ་ནུབ་བཅའ་སྡོད་སློབ་ཆུང་། རྨ་ལྷོ་ཁུལ་གྱི་རེབ་གོང་རྫོང་མི་རིགས་སློབ་འབྲིང་།མགོ་ལོག་ཁུལ་གྱི་མགོ་ལོག་ཁུལ་མི་རིགས་སློབ་འབྲིང་། ཡུལ་ཤུལ་ཁུལ་གྱི་ཆུ་དམར་ལེབ་རྫོང་དཔལ་ཆེན་ཤང་ལྟེ་བའི་བཅའ་སྡོད་སློབ་ཆུང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་རིགས་སློབ་འབྲིང་བཅས་རེད།

ཤེས་གསལ་ལྟར་ན། རེབ་གོང་མི་རིགས་སློབ་འབྲིང་ནི་1975ལོར་བཙུགས་ཤིང་། རེབ་གོང་ས་ཁུལ་དུ་ལོ་རྒྱུས་ཆེས་རིང་ཞིང་གཞི་རྒྱ་ཆེས་ཆེ་བའི་བཅའ་སྡོད་ལམ་ལུགས་ཀྱི་མི་རིགས་ཆ་ཚང་སློབ་གྲྭ་ཞིག་ཡིན། སློབ་འབྲིང་དེ་བཙུགས་ནས་ད་བར་དུ་དམའ་འབྲིང་སློབ་མ7960དང་། མཐོ་འབྲིང་སློབ་མ5345སྐྱེད་བསྲིང་བྱས་ཤིང་། དེ་ལས་སློབ་ཆེན་དང་འབྲིང་རིམ་སློབ་གྲྭར་སློབ་མ་4485བསྐྱལ་བ་དང་། རེབ་གོང་ས་ཁུལ་གཙོ་བྱས་པའི་ཉེ་འབྲེལ་གྱི་རྫོང་དང་ཞིང་ཆེན་ཡོངས་སུ་ཤེས་ལྡན་མི་སྣ་འབོར་ཆེན་གྱི་སྐྱེད་སྲིང་བྱས་ནས་ས་གནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བར་བྱས་རྗེས་བླ་ན་མཐོ་བ་བཞག་ཡོད།  དེ་བས་སློབ་གྲྭ་འདིར་སྔ་རྗེས་སུ་༼རྒྱལ་ཡོངས་རྗེས་རབས་ཐུགས་ཁུར་སྔོན་ཐོན་སྡེ་ཁག༽ དང་།༼ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་སྡེ་ཁག༽ ༼ཞིང་ཆེན་ཡོངས་ཀྱི་མི་རིགས་ལུས་རྩལ་སྔོན་ཐོན་སྡེ་ཁག༽༼ཁུལ་ཡོངས་ཀྱི་མི་རིགས་སྔོན་ཐོན་སྡེ་ཁག༽ ༼ཁུལ་ཡོངས་ཀྱི་མཐོ་འབྲིང་རྒྱུགས་ཀྱི་སྐར་འབྲས་མཐོ་རུ་བཏེགས་པའི་བྱ་དགའ༽རྫོང་ཡོངས་ཀྱི་༼སྔོན་ཐོན་སློབ་གྲྭ༽༼བདེ་འཇགས་སློབ་གྲྭ༽༼ལྗང་མདོག་སློབ་གྲྭ༽༼གཞི་རིམ་སྔོན་ཐོན་ཏང་ཀྲི་པུའུ༽༼བརྟན་སྲུང་སྔོན་ཐོན་སྡེ་ཁག༽༼སློབ་གསོའི་སློབ་ཁྲིད་བྱ་བ་སྔོན་ཐོན་སྡེ་ཁག༽བཅས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་གནང་ཡོད།

གསར་འགོད་པ། བསམ་སྤྱོད།