གསོ་རིག་འབུམ་རམས་པ31གིས་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་གྱི་བྱིས་པར་བྱམས་བརྩེ་གནང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ5པའི་ཚེས31ཉིན་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་དང་། གུང་གཞོན་ཚོགས་པ་ཀྲུང་དབྱང་སྐབས་བཅོ་བརྒྱད་པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི31དང་ཟི་ལིང་གྲོང་ཁྱེར་དམངས་སྲིད་ཅུའུ་གཉིས་ཀྱིས། ཟི་ལིང་གྲོང་ཁྱེར་གྱི་བྱིས་པའི་ཕན་བདེ་གླིང་དུ“དབང་པོ་སྐྱོན་ཅན་དང་སེམས་པ་སྦྲེལ་ནས་བརྩེ་བའི་སྨན་བཅོས། བྱིས་པའི་རེ་འདུན་མངོན་འགྱུར་བྱེད་པ”བརྗོད་དོན་ཡིན་པའི་དངོས་ཡོད་བྱ་འགུལ་སྤེལ་ནས། དབང་བོ་སྐྱོན་ཅན་དང་བྱིས་པ་དྭ་ཕྲུག100ལྷག་ལ་དམིགས་བསལ་རང་བཞིན་གྱི“དྲུག་གཅིག་བྱིས་པའི་དུས་ཆེན”གྱི་ལེགས་སྐྱེས་གནང་པ་རེད།

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། དམིགས་གསལ་རང་བཞིན་གྱི“དྲུག་གཅིག་བྱིས་པའི་དུས་ཆེན”གྱི་ལེགས་སྐྱེས་འདི་ནི། གསོ་བ་རིག་པའི་ལས་རིགས་ཁྲོད་ཀྱི་འབུམ་རམས་པ་དག་གིས་རང་ཉིད་ཀྱི་བརྩེ་སེམས་གནང་བ་དང་ཟི་ལིང་གྲོང་ཁྱེར་གྱི་བྱིས་པའི་ཕན་བདེ་གླིང་གིས་སྨན་བཅོས་མཉམ་ལས་ཀྱི་བྱེད་སྒོ་སྤེལ་ནས་དུས་ཡུན་རིང་བོར་ཕན་བདེ་གླིང་གི་བྱིས་པ་དྭ་ཕྲུག་དང་དབང་བོ་སྐྱོན་ཅན་ལ་སྨན་བཅོས་རོགས་སྐྱོར་མཁོ་སྤྲོད་བྱས་པ་ཡང་ཡིན། གསོ་རིག་འབུམ་རམས་པ31གིས་གྲུབ་པའི་ཞབས་ཞུའི་ཚོགས་པ་འདིའི་ཁོངས་མི་དག་ནི་གསོ་རིག་ལས་རིགས་ཁྲོད་ཀྱི་ཕུལ་བྱུང་མཁས་པ་ཡིན་ལ། ནམ་རྒྱུན་ལག་ཟུང་མཉམ་སྦྲེལ་གྱི་མཉམ་ལས་ལ་བརྟེན་ནས་རང་ཞིང་གི་ནད་ཀྱི་གནས་ཚུལ་ཚབས་ཆེ་ཞིང་ནད་རྐྱེན་དོགས་གཞི་ཅན་གྱི་ནད་པའི་སྨན་བཅོས་ཁྲོད་ཟབ་ཞུགས་བྱས་ཏེ། ནད་ཐོག་སྨན་བཅོས་བྱེད་མཁན་ནད་པ་དག་ལ་ནད་རྟགས་ངོས་འཛིན་གསལ་པོ་བྱེད་དུ་བཅུག་སྟེ་སྨན་བཅོས་ཀྱི་བྱེད་ཐབས་ཡང་དག་པ་དེ་ཡང་གཏན་འབེབས་གསལ་པོ་བྱས་ཤིང་། བྱ་བའི་ཁྲོད་དུ་གསོ་རིག་འབུམ་རམས་པའི་ཚོགས་པ་དེས་བྱེད་ནུས་ངེས་ཅན་ཞིག་ཐོན་དུ་བཅུག་མྱོང་ཡོད། དེ་ལས་གཞན་ཟི་ལིང་གྲོང་ཁྱེར་བྱིས་པའི་ཕན་བདེ་གླིང་དུ་ཡོང་ནས་རང་ཉིད་ཀྱི་ཆེད་ལས་ཀྱི་རྩལ་ནུས་ལ་བརྟེན་ནས་ཕན་བདེ་གླིང་གི་བྱིས་པ་དག་ལ་རོགས་སྐྱོར་དང་རོགས་རམ་བྱེད་པའི་དམིགས་འབེན་དེ་ཡང་ཡོངས་འགྲུབ་བྱས་ཡོད།

བྱ་འགུལ་གྱི་ཉི་མ་དེར། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་དང་གསོ་རིག་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི་དག་གིས་བྱིས་པ་དག་ལ་ད་རུང་ཟས་རིགས་དང་སློབ་སྦྱོང་ཡོ་བྱད། རྩེད་ཆས། འཚོ་བའི་ཡོ་བྱད་སོགས་ཀྱི་དུས་ཆེན་ལེགས་སྐྱེས་ཡང་གནང་བ་རེད། དེ་ཡང་བྱིས་པའི་ཕན་བདེ་གླིང་གི་ལས་བཟོ་པ་དག་གི་རམ་འདེགས་འོག ནད་ཕོགས་ཡོད་པའི་བྱིས་པ་དག་ལ་བདེ་ཐང་ཐད་ཀྱི་ལུས་པོ་བརྟག་དཔྱད་བྱས་པ་མ་ཟད། སྨན་བཅོས་བྱེད་ཐབས་ཐད་ཀྱི་རེ་བ་ཡང་བཏོན་ཡོད། དེ་དང་ཆབས་ཅིག་ཏུ་གསོ་རིག་འབུམ་རམས་པའི་ཚོགས་པའི་ཁོངས་མི་དག་དང་། བྱིས་པའི་ཕན་བདེ་གླིང་གི་སྨན་བཅོས་མི་སྣ་དག་གིས་དུས་མཉམ་དུ་བྱིས་པ་དག་གི་རྒྱུན་མཐོང་ནད་དང་དོགས་ཡོད་ནད་གཞི་ལ་སྨན་བཅོས་བྱེད་པའི་ཐད་བསམ་བློ་བརྗེ་རེས་ཡང་བྱས་པ་རེད། ཐེངས་འདིའི་བྱ་འགུལ་དེ་གོ་སྐབས་སུ་བཟུང་ནས། གསོ་རིག་འབུམ་རམས་པའི་ཚོགས་པས་ཟི་ལིང་གྲོང་ཁྱེར་བྱིས་པའི་ཕན་བདེ་གླིང་ལ་དུས་ཡུན་རིང་པོར་རོགས་སྐྱོར་མཉམ་འབྲེལ་བྱེད་པའི་གྲོས་མཐུན་གན་རྒྱ་ཡང་བཞག་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།