2018ལོའི་རེབ་གོང་རྫོང་མི་རིགས་སློབ་འབྲིང་གིས་མཐོ་གསུམ་མཐར་ཕྱིན་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ།

2018ལོའི་ཟླ6པའི་ཚེས་1ཉིན་གྱི་སྔ་དྲོའི་དུས་ཚོད9སྟེང་རེབ་གོང་རྫོང་མི་རིགས་སློབ་འབྲིང་གིས་གྲོས་ཚོགས་ཁང་དུ་མཐོ་གསུམ་མཐར་ཕྱིན་མཛད་སྒོ་གསབ་རྒྱས་ངང་འཚོགས།

སློབ་གྲྭའི་སློབ་གཙོ་ཕག་མོ་རྡོ་རྗེ་ལགས་ཀྱིས་གཏམ་བཤད་གནང་བ།

ཁོང་གིས་གཏམ་བཤད་ཁྲོད་འདི་སྐད།       མི་ལོ་མང་པོའི་དཔེ་ཁྲིད་མི་སྐྱོང་གི་ལོ་རྒྱུས་ཁྲོད།  རེབ་གོང་མི་རིགས་སློབ་འབྲིང་གིས་འདོར་ཐབས་མེད་པ་དང་གཞན་ལ་དཀྲི་ཐབས་མེད་པའི་འགན་འཁྲི་དང་། རེབ་གོང་ས་ཁུལ་གྱི་རྨང་གཞི་སློབ་གསོའི་འགན་བབས་རླབས་པོ་ཆེ་ཕྲག་ཏུ་བཞེས་ཏེ། མི་རིགས་རིག་གནས་དར་སྤེལ་དང་།  མི་འབོར་སྤུས་ཀ་མཐོར་འདེགས། འཇོན་ཐང་ཅན་གྱི་མི་བསྐྱེད་བསྲིང་བཅས་བྱས་པས། མི་རིགས་སློབ་གསོ་དར་སྤེལ་དུ་གཏོང་བར་སྔར་མེད་ཀྱི་མཛད་རྗེས་དང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་བསྐྲུན་ཡོད་ལ། རེབ་གོང་ས་ཁུལ་གྱི་སྤྱི་ཚོགས་འཕེལ་རྒྱས་དང་དཔལ་འབྱོར་གོང་འཕེལ། རིག་གནས་དར་རྒྱས་བཅས་ཀྱི་ཆེད་དུ་ཉམས་པ་མེད་པའི་མཛད་རྗེས་བཞག་ཡོད་ཅེས་དང་། ཡང་ཁོང་གིས་འདུས་པའི་ཐ་མར་འབྲལ་དགོས་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པ་ལྟར།ང་ཚོ་དེ་རིང་འདི་ལྟར་ཁ་འབྲལ་དགོས་ཏེ། ཁྱོད་ཚོས་མ་འོངས་པའི་ཕུགས་བསམ་གསར་པ་ཞིག་གི་ཆེད་དུ་ཤེས་རིག་གི་ཞིང་ཁམས་འགྲིམས་དགོས་ལ།ང་ཚོས་གནས་འདི་ནས་སྔར་བཞིན་འུ་ཅག་གི་བུ་དང་བུ་མོ་མང་པོའི་མདུན་ལམ་ལ་འོད་སྣང་སྦྱིན་དགོས་ཟེར།

ཤེས་གསལ་ལྟར་ན། སློབ་གྲྭ་བཙུགས་ནས་ད་ལྟའི་བར་དུ། རེབ་གོང་རྫོང་མི་རིགས་སློབ་འབྲིང་གིས་མཐོ་འབྲིང་སློབ་ཐོན་སློབ་མ་5314དང་། སློབ་ཆེན་སློབ་མ4485དམའ་འབྲིང་སློབ་མ7960གསོ་སྐྱོང་བྱས་པས་བོད་ཁམས་སམ་རེབ་གོང་ས་ཁུལ་དར་རྒྱས་གོང་དུ་སྤེལ་བར་བྱས་རྗེས་བླ་ན་མ་མཆིས་བ་བཞག་ཡོད་ལ། ད་ལྟའང་རྫོང་དང་ཁུལ་གཞན། ཐ་ན་ཞིང་ཆེན་གཞན་པ་དག་ནས་ཀྱང་འདིར་སློབ་སྦྱོང་བྱེད་དུ་ཡོང་བའི་སློབ་མའང་ཕལ་ཆེར་བརྒྱ་ཕྲག་ལྷག་ཙམ་ཡོད།

 

མཐོ་གསུམ་གཅིག་གི་སློབ་གྲོགས་སྤྱི་འདུ་ཚེ་རིང་གིས་མཐར་ཕྱིན་སློབ་མ་ཡོངས་ཀྱི་ཚབ་བྱས་ཏེ་གཏམ་བཤད་པ།

མཐར་ཕྱིན་སློབ་མས་མ་ཡུམ་སློབ་གྲྭར་ལེགས་སྐྱེས་འབུལ་བ།

སློབ་གྲྭའི་མགོ་ཁྲིད་དང་རྩ་འཛུགས། དགེ་རྒན་བཅས་ལ་རོགས་རམ་བྱས་ཏེ་སློབ་གྲོགས་རྣམས་ཀྱི་ཀུན་སྤྱོད་དང་སྒྲིག་ལམ་སོགས་ལ་ནུས་པ་བླ་ལྷག་བཏོན་པའི་སློབ་མའི་ཚོགས་པའི་ཚོགས་མི་སྤྱི་འདུ་ཚེ་རིང་། ཀུན་བཟང་སྐྱིད། མཁའ་མོ་མཚོ། རིན་ཆེན་སྒྲོལ་མ། ཀུན་བཟང་རང་གྲོལ་བཅས་ལ་མ་ཡུམ་སློབ་གྲྭས་དྲན་རྟེན་གྱི་ལེགས་སྐྱེས་གནང་བ།

མ་ཡུམ་སློབ་གྲྭར་གྱེས་ཕྱག་འབུལ་བ།

རིག་རྩལ་འཁྲབ་སྟོན་གྱི་ཡུལ་དངོས།

2018ལོའི་ཟླ་5པའི་ཚེས31ཉིན་རེབ་གོང་རྫོང་མི་རིགས་སློབ་འབྲིང་གིས2018ལོའི་མཐོ་གསུམ་མཐར་ཕྱིན་སློབ་མ་ཡོངས་ལ་སྐྱེལ་མ་དང་གཡུར་དུ་ཟ་བའི་འབྲས་བཟང་ཞིག་ཐོབ་པར་བཀྲ་ཤིས་སྨོན་འདུན་གྱི་རིག་རྩལ་བྱ་འགུལ་སྤེལ།

གསར་འགོད་པ། བསམ་སྤྱོད།