རྟ་ཐང་རྫོང་གིས་ན་གཞོན་ཡ་རབས20བདམས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།  ཟླ5པའི་ཚེས30ཉིན། རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་རྫོང་དཔལ་ཡོན་གཞུང་དོན་ཁང་། རྫོང་སློབ་གསོ་ཅུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་རྟ་ཐང་རྫོང་གི “ཞིང་ཚོང་དངུལ་ཁང་བུམ་པ”དང་སྐབས་བཅུ་གསུམ་པའི“ཀུན་སྤྱོད་ཆེས་བཟང་པོའི་ན་གཞོན་བཅུ”དཔྱད་འདེམས་བྱེད་སྒོ་སྤེལ་བ་དང་། ཁ་དན་ཚིག་གནས་དང་རང་སྟོབས་རང་འཕེར། རྒན་བཀུར་བྱིས་སྐྱོང་གི“ཀུན་སྤྱོད་ཆེས་བཟང་པོའི་ན་གཞོན་བཅུ”དང“ཀུན་སྤྱོད་ལེགས་པའི་ན་གཞོན”བཅས་ན་གཞོན20བདམས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་རྟ་ཐང་རྫོང་གིས་རྣམ་པ་སྣ་མང་ལ་བརྟེན་ནས་ན་གཞོན་ཚོའི་བསམ་བློ་ཀུན་སྤྱོད་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་།  “སློབ་སྦྱོང་དང་ཀུན་སྤྱོད་ལེགས་པའི་ན་གཞོན་བརྩོན་ལེན་བྱེད”ཅེས་བརྗོད་བྱར་བཟུང་བའི་ལག་ལེན་དངོས་ཀྱི་བྱེད་སྒོ་སྤེལ་ཞིང་། དེར་སྤྱོད་ཡོན་གཉིས་ལྡན་གྱི་སྔོན་ཐོན་དཔེ་མཚོན་ན་གཞོན་མང་པོ་ཞིག་ཐོན་ཡོད། ད་ལོར། སློབ་གྲྭ་ཁག་ནས་འོས་སྦྱོར་དང་། བྱེད་སྒོ་དཔྱད་འདེམས་ཨུ་ལྷན་གྱིས་དཔྱད་བསྡུར་དང་ཞིབ་བཤེར་གཏན་འབེབས། རྟ་ཐང་དྲིལ་བསྒྲགས་འཕྲིན་ཆུང་སྟེགས་བུའི་དྲ་རྒྱའི་འདེམས་ཤོག་འཕེན་པ་སོགས་ཀྱི་བྱེད་སྟངས་བརྒྱུད་མཐར། ན་གཞོན་སློབ་མ་ལིའུ་ཐེན་ཡུས་དང་ལི་ཀོང་ཡུས་སོགས་ལ་རྟ་ཐང་རྫོང“ཞིང་ཚོང་དངུལ་ཁང་བུམ་པ”དང་སྐབས་བཅུ་གསུམ་པའི“ཀུན་སྤྱོད་ཧ་ཅང་བཟང་པོའི་ན་གཞོན་བཅུ”ཡི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། ཀུའོ་ཀུའོ་ཅ་དང་ལུའོ་ཅ་དབྱིན་སོགས་སློབ་མ10ལ་རྟ་ཐང་རྫོང་གི“ཀུན་སྤྱོད་ལེགས་པའི་ན་གཞོན”གྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

རྟ་ཐང་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཅིང་ཧུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན།  རྟ་ཐང་རྫོང་གི“ཀུན་སྤྱོད་ཆེས་བཟང་པོའི་ན་གཞོན་བཅུ”ཡི་དཔྱད་འདེམས་བྱེད་སྒོ་དེ2016ལོ་ནས་འགོ་བརྩམས་པ་ཡིན་ལ། ད་བར་དུ་སྐབས་གསུམ་ལ་གཉེར་ཡོད་པ་རེད། “ཀུན་སྤྱོད་ཆེས་བཟང་པོའི་ན་གཞོན་བཅུ”ཡི་དཔྱད་འདེམས་བྱེད་སྒོ་དེ་ནི་བྱིས་པ་རྣམས་ཀྱི་བསྔགས་སྐུལ་དང་སྐུལ་ལྕག་རྐྱང་རྐྱང་མ་ཡིན་པར། ན་གཞོན་པར་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དྲིལ་བསྒྲགས་དང་སློབ་གསོ་ཐེངས་གཅིག་སྤེལ་བ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།