2018ལོའི་ཀྲུང་གོའི་(མཚོ་སྔོན)བོད་གདན་རྒྱལ་སྤྱིའི་འགྲེམས་ཚོགས་དེ་རིང་དངོས་སུ་འགོ་ཚུགས་པ།

བརྗོད་བྱང་ལ་ལྷད་མེད་ས་གདན་འཐག་པ་ལ་བརྟེན་ནས་འཛམ་གླིང་གི་ཁུལ་གཅིག་ལམ་གཅིག་ལ་སྦྲེལ་ཟམ་འདིང་ཞེས་པའི2018ལོའི་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་སྟོན་དེ་རིང་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་ནས་གཟབ་རྒྱས་ངང་འཚོགས་ཏེ། ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་གྲོགས་པོ་གདན་གཅིག་ཏུ་འཛོམས་ནས་བོད་གདན་གྱི་གསོལ་སྟོན་གྱ་ནོམ་པར་རོལ་འགོ་ཚུགས།

ཐེངས་འདིའི་འགྲེམས་ཚོགས་ཀྱིས་ཡུལ་ཤུལ་དང་མགོ་ལོག་ཏུ་བོད་གདན་འགྲེམས་ཚོགས་སྐོར་བསྐྱོད་བྱེད་སྒོ་སྤེལ་བ་དང་། ཡུལ་དངོས་སུ་ཁུལ་གཅིག་ལམ་གཅིག་ཉོ་ཚོང་མཉམ་ལས་དང་ས་གདན་ཐོན་ལས་དག་མ་གོང་སྤེལ་གྱི་གྲོས་ཚོགས།  མཚོ་སྔོན་བོད་ཀྱི་རིག་གནས་རྟེན་རྫས་བཤམས་སྟོན་ཁང་གི་བོད་གདན་དངོས་མང་བཤམས་སྟོན་འགོ་རྩོམ་པའི་མཛད་སྒོ།   བོད་ལྗོངས་འགྲེམ་ཚོགས་ཀྱི་དྲ་ཐོག་འགྲེམ་ཚོགས།  འགྲེམས་སྟོན་གྱི་བྱ་དགའ་གནང་བའི་རྒྱས་སྟོན་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་ཞིང་། ཟུར་མང་པོ་ནས་རྒྱལ་ཁབ་ཕྱི་ནང་གི་ལག་འཐག་ས་གདན་དང་། འཁོར་འཐག་ས་གདན། སྒྱུ་རྩལ་འགེལ་གདན།  བོད་གདན་རིག་གནས་དང་། བོད་གསོ་རིག་རིག་གནས་སོགས་ཀུན་གྱི་མིག་མདུན་དུ་བཤམས་ཡོད་པ་རེད། 

ཐེངས་འདིའི་བོད་གདན་འགྲེམས་སྟོན་དུ་དུས་རྒྱུན་མིག་ལ་མཚེར་བའི་སྤུས་ལེགས་ས་གདན་ལས་གཞན་ལྭ་བ་སེར་པོ་གྱོན་པའི་དང་བླངས་པ་རྣམས་རེད།  ཟླ6པའི་ཚེས1ཉིན་ལ།  ལྭ་བ་སེར་པོ་གྱོན་པའི་དང་བླངས་པ་རྣམས་ཀྱིས་སོ་སོའི་ལས་གནས་སུ་ལས་ལ་བྲེལ་ཞིང་། རྒྱལ་ཕྱིའི་འགྲེམས་ཞུགས་ཚོང་མགྲོན་ལ་བློ་གཅིག་ཏུ་སྒྲིམ་ནས་ལོ་ཙཱ་བྱེད་པ་དང་། དཀའ་ངལ་ལ་འཛེམ་དོགས་མེད་པར་ས་གདན་གྱི་ཁྲེས་པོ་སྤོམ་ཆེན་རིགས་ཡར་བསྐྱལ་མར་ལེན་བྱེད་པ།  ཚོང་ཟོག་ལ་ཐུམ་རྒྱག་པ། ཚོང་ཟོང་མྱུར་སྐྱེལ། ཕྱི་དངུལ་བརྗེ་ལེན་ལ་སོགས་པའི་ཞབས་ཞུ་བྱེད་སར་ཁོམ་ལོང་བྲལ་བའི་ཟིང་ཟིང་གི་ལས་ལ་མཆིས། 

ཀྲུང་གོའི་བོད་གདན་མཐུན་ཚོགས་ཕྱི་འབྲེལ་པུའུ་ཡི་ལས་ཀ་བ་ཐིན་ཁྲེང་ཧྲའོ་ཡིས་ངོ་སྤྲོད་ལྟར་ན། ད་ལོའི་དང་བླངས་པ་བསྡུས་པའི་ཚུན་ལ།  བསྡོམས་པས་སློབ་ཆེན་སློབ་མ800ཁ་རྒྱུགས་ལ་ཞུགས་ཡོད་ཅིང་། མིང་ཐོ་འགོད་མཁན་དང་། བསྡུ་རུབ་ཀྱི་མི་འབོར་སྐབས་སྔོན་མ་དག་ལས་མང་།  ཐེངས་འདིར་བསྡུས་པའི་དང་བླངས་པ230བོ་དེ་མགྲོན་ཁང་ཞབས་ཞུ་ཚན་ཆུང་དང་། གནམ་གྲུ་ཐང་ཞབས་ཞུ་ཚན་ཆུང་།   གུས་ཞབས་ཚན་ཆུང་།  འཕྲུལ་འཁོར་ཚན་ཆུང་སོགས་ཚན་ཆུང་བརྒྱད་དུ་བགོས་ཏེ།  འགྲེམས་ཞུགས་ཚོང་མགྲོན་རྣམས་ལ་གནས་འབྱོར་ཞབས་ཞུ་དང་། བློ་འདྲི་ཞབས་ཞུ།  ལོ་ཙཱའི་ཞབས་ཞུ་སོགས་ཞབས་ཞུ་ལས་གནས་སུ་བཏང་ནས་ནུས་ཤུགས་ཡོད་རྒུས་འགྲེམས་ཚོགས་ཀྱི་བྱེད་སྒོ་ཁག་སོ་སོ་བསམ་དོན་བཞིན་འགྲུབ་པར་འགན་སྲུང་བྱས་ཡོད་ཟེར།

ལོ་ཙཱ་བ། ཁོན་ཐར་འཚོ།