རྒྱལ་སྤྱིའི་ས་གདན་འགྲེམས་སྟོན་དང་ཕྱིར་ཚོང་ལྟེ་གནས་མཚོ་སྔོན་ནས་འཛུགས་འགོ་ཚུགས་པ།

ཟླ6པའི་ཚེ2ཉིན། ཀྲུང་གོའི་བོད་ལུགས་ས་གདན་གྱི་གྲོང་ཁྱེར་ཏེ་རྒྱལ་སྤྱིའི་ས་གདན་འགྲེམས་སྟོན་ཕྱིར་ཚོང་ལྟེ་གནས་འཛུགས་པའི་མཛད་སྒོ་ཟི་ལིང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ལྷོ་ཐང་བཟོ་ལས་གླིང་ནས་སྤེལ་ཞིང་།དེ་ནི་ཀྲུང་གོའི་རྒྱལ་སྤྱིའི་ས་གདན་འགྲེམས་སྟོན་ཕྱིར་ཚོང་ལྟེ་གནས་དེ་མཚོ་སྔོན་ནས་གཞི་ཚུགས་པའི་རྟགས་མཚན་རེད།

མཛད་སྒོའི་ཐོག  མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་ཐིན་ཅིན་ཁྲེན་གྱིས་འདི་སྐད། དུས་ཡུན་རིང་བོའི་ཚུན་ལ་མཚོ་སྔོན་གྱིས་བོད་ལུགས་ས་གདན་གྱི་དགེ་མཚན་ལ་གཞི་བཅོལ་ཏེ“ཀྲུང་གོའི་བོད་ལུགས་ས་གདན་གྱི་གྲོང་ཁྱེར”དང་“འཛམ་གླིང་ས་གདན་འདུ་འགྲེམས་བྱེད་གནས”ཞེས་པ་གསར་དུ་བཏོད་པ་ཡིན།  ལྟེ་གནས་འཛུགས་སྐྲུན་ལ་མཚོན་ན་མཚོ་སྔོན་གྱིས་ས་གདན་ཐོན་ལས་དེ་རྒྱལ་ཁབ་ཀྱི“ཁུལ་གཅིག་ལམ་གཅིག”གི་གྲས་སུ་ཧུར་ཐག་གིས་འཇུག་པའི་གྲོས་གཞི་ཞིག་དང་། དེང་རབས་ཆ་འཕྲིན་ཅན་དུ་འགྱུར་ཐབས་བེད་སྤྱད་དེ་སྲོལ་རྒྱུན་ཐོན་ལས་ཀྱི་ལྟེ་སྙིང་གི་འགྲན་རྩོད་ནུས་ཤུགས་ཇེ་དྲག་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། དྲ་ཐོག་དང་དྲ་ཕྱིའི་སྡིངས་ཆ་བརྒྱུད་ཏེ་འཁོར་རྒྱུན་རྣམ་པར་བརྟེན་ནས་འགྲེམས་ཚོགས་གཉེར་སྐྱོང་གི་བྱེད་ཐབས་གསར་པ་སྤྱད་དེ་བོད་ལུགས་ས་གདན་དེ་དུས་རྟག་ཏུ་འགྲེམས་སྟོན་བྱ་ཐུབ་རྒྱུ་བྱས་ཡོད།  ལྟེ་གནས་འདི་གཉེར་སྐྱོང་འཁོར་སྐྱོད་བྱས་རྗེས་སུ།  ཁེ་ལས་ལ་ཐོན་རྫས་ཕྱིར་ཚོང་གི་ཁྲོམ་ར་རྒྱ་བསྐྱེད་རོགས་དང་། མཁོ་འདོན་གཉིས་འབྲེལ་མཐུད་ལ་ཤུགས་སྣོན་རོགས།  ཞབས་ཞུ་བཟང་པོ་འདོན་སྤྲོད།  ཐོན་ལས་ཧྲིལ་བོའི་འཕེལ་རྒྱས་ཆུ་ཚད་ཇེ་མཐོར།   ས་གནས་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་བར་སྐུལ་སྤེལ་བཅས་ལ་ནུས་པ་གལ་ཆེན་འདོན་ཐུབ་པ་ཡིན་ཟེར།

ཀྲུང་གོའི་འཐག་སླེ་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོའི་ཁྱིམ་སྤྱོད་འཐག་སླེ་ཐོན་རྫས་ལས་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དབྱང་ཀྲའོ་ཧྭ་ཡིས་འདི་སྐད།  ཟི་ལིང་གི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ལྷོ་ཐང་བཟོ་ལས་གླིང་ནི་ཀྲུང་གོའི་ནུབ་བརྒྱུད་ས་ཁུལ་གྱི་ཁྱིམ་སྤྱོད་འཐག་སླེ་ཐོན་རྫས་འདུ་ཚོགས་ཀྱི་ཚོད་ལྟ་ཁུལ་གལ་ཆེན་ཞིག་ཡིན་པའི་ངོས་ནས “ཀྲུང་གོའི་བོད་ལུགས་ས་གདན་གྱི་གྲོང་ཁྱེར་ཏེ་རྒྱལ་སྤྱིའི་ས་གདན་འགྲེམས་སྟོན་དང་ཕྱིར་ཚོང་ལྟེ་གནས”འཛུགས་པ་ནི་ཐོན་ལས་འདུ་ཚོགས་བརྗེ་སྒྱུར་རིམ་སྤར་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་དང་། བོད་ལུགས་ས་གདན་ཐོན་ལས་དེ་ཉིད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་དུས་རབས་གསར་པར་སྣེ་འཁྲིད་པ་བཅས་ལ་ཕུགས་ཕན་གྱི་དོན་སྙིང་གལ་ཆེན་ལྡན་པ་རེད་ཟེར།

ཟི་ལིང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་། ལྷོ་ཐང་བཟོ་ལས་གླིང་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཧོང་ཀའོ་ཅུན་གྱིས་ངོ་སྤྲོད་ལྟར་ན། ལྟེ་གནས་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི1.2ཡོད་ཅིང་། ས་གདན་ཕྱིར་ཚོང་འགྲེམས་ཚོང་ལྟེ་གནས་དང་། ལས་གཏོད་གསོ་སྐྱོང་རྟེན་གཞི།  ཞིབ་འཇུག་གསར་སྤེལ་ལྟེ་གནས།  ཞིབ་དཔྱད་ཚད་ལེན་ལྟེ་གནས་བཅས་བསྐྲུན་རྒྱུ་ཡིན་པ་དང་། དེ་ལས་ས་གདན་ཕྱིར་ཚོང་འགྲེམས་སྟོན་ལྟེ་གནས་སུ་གཙོ་བོ་རྒྱལ་ནང་དང་ཞིང་ཆེན་ནང་ཁུལ་སྤྱི་དང་། ནང་སྒོས་སུ་གླིང་ཁུལ་ནང་ཁུལ་གྱི་ས་གདན་ཁེ་ལས་ཀྱི་ལག་འཐག་ལག་ཚེམས་ཀྱི་ས་གདན་དང་། ཝེར་ཏུན་དང་། ཨ་ཁེ་མེན་སི་ཐེ་ལ་སོགས་པའི་ས་གདན་རྩེ་གྲ་དང་། དབྱི་ལིང་དང་། ཕ་ཁེ་སི་ཐན། རྒྱ་གར། ཐུར་ཁེ་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་ལག་འཐག་དང་འཁོར་འཐག་གི་ས་གདན་རྩེ་གྲ་འགྲེམས་རྒྱུ་དེ་རེད། ལས་གཏོད་གསོ་སྐྱོང་རྟེན་གཞི་ནི་ཞིང་ཆེན་ཕྱི་ནང་གི་སློབ་ཆེན་དང་ལས་རིགས་ལག་རྩལ་སློབ་གྲྭའི་མཛེས་རྩལ་དང་། ཇུས་འགོད། བཟོ་རྩལ་ལ་སོགས་ཆེད་ལས་མཐར་ཕྱིན་པའི་སློབ་མ་ནང་འགུགས་བྱས་ཏེ། གླིང་ཁུལ་ནས་རང་བདག་ལས་གཏོད་ལ་འཇུག་རྒྱུ་དེ་རེད།  ཞིབ་འཇུག་གསར་སྤེལ་ལྟེ་གནས་དང་ཞིབ་དཔྱད་ཚད་ལེན་ལྟེ་གནས་ཀྱིས་གཙོ་བོ་གླིང་ཁུལ་ཁོངས་གཏོགས་སུ་གྱུར་བའི་མཚོ་སྔོན་རྒྱལ་རྟོན་དངོས་ལས་ཚད་ཡོད་ཀུང་སི་དང་། ཀྲུང་གོའི་བོད་ལུགས་ས་གདན་མཐུན་ཚོགས་བཅས་ཀྱི་ད་ཡོད་ཀྱི་ཞིབ་དཔྱད་ཚད་ལེན་སྒྲིག་ཆས་ལེགས་སྒྲིག་བྱས་ཏེ། ཞིང་ཆེན་ཡོངས་ལ་ཁ་ཕྱོགས་ཏེ་བལ་འཐག་ཁེ་ལས་ལ་ཞབས་ཞུ་བྱེད་པའི་ཆེད་ལས་ཀྱི་ཚད་ལེན་སྡིངས་ཆ་ཞིག་འཛུགས་རྒྱུ་དེ་ཡིན་ཟེར།

ལོ་ཙཱ་བ། ཁོན་ཐར་འཚོ།