འཛམ་གླིང་ས་གདན་ཆེད་ལས་གླེང་སྟེགས་འཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས3 ཉིན། ཞིང་ཆེན་ཚོང་དོན་ཐིང་གིས་གཙོ་གཉེར་བྱས་པ་དང་ཀྲུང་གོའི་བོད་ལུགས་ས་གདན་མཐུན་ཚོགས་ཀྱིས་གཉེར་འགན་འཁུར་བའི“ འཛམ་གླིང་ས་གདན་ཆེད་ལས་གླེང་སྟེགས་དང་ཇུས་འགོད་པའི་དགོང་ཚོགས”ཞེས་པའི་བྱེད་སྒོ་དེ་ཟི་ལིང་དུ་འཚོགས་ཤིང་། འཛམ་གླིང་ཡོངས་ནང་ཕེབས་པའི་ཇུས་འགོད་པ་གྲགས་ཅན་དང་ལས་རིགས་དེའི་མཁས་པ་རྣམས་མཉམ་དུ་འཛོམས་ནས་ཇུས་འགོད་ཀྱི་འདུ་ཤེས་བརྗེ་རེས་དང་། གསར་གཏོད་བསམ་གཞིག་སྐོར་གྱི་གནད་དོན་ལ་དཔྱད་བསྡུར་བྱས་པ་རེད།

 “ འཛམ་གླིང་ས་གདན་ཆེད་ལས་གླེང་སྟེགས་དང་ཇུས་འགོད་པའི་དགོང་ཚོགས” ཞེས་པའི་བྱེད་སྒོ་ནི་ཀྲུང་གོའི( མཚོ་སྔོན) བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་ཚོགས་གཉེར་བ་ནས་བཟུང་། ཐོག་མར་ཇུས་འགོད་པ་མི་སྣ་གཙོ་བོ་བྱས་ནས་སྤེལ་བའི་ཆེད་དོན་བྱེད་སྒོ་དེའི་དམིགས་ཡུལ་ནི་ཐུན་མོང་ཐོག་ས་གདན་ཇུས་འགོད་ཀྱི་འདུ་ཤེས་གསར་པ་དང་། སྣ་མང་ཅན་གྱི་རིག་གནས་བསམ་བློ་གསར་པ། གསར་གཏོད་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་བཅས་ལ་གྲོས་བསྡུར་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཁག་གི་ས་གདན་ཇུས་འགོད་ཀྱི་འདུ་ཤེས་ཕན་ཚུན་འབྲེལ་འདྲེས་དང་།  མཉམ་སྡུད་མཉམ་གསོག ལེགས་ཆ་གསབ་རེས མཉམ་འཕེལ་མཉམ་རྒྱས་བཅས་བྱ་རྒྱུར་སྐུལ་འདེད་གཏང་དགོས།

གླེང་སྟེགས་ཐོག་ཨ་རིའི《 གྲོང་ཁྱེར་ཆེན་མོ》ཡི་གཙོ་སྒྲིག་པ་གྲགས་ཅན་སུའུ་ཧྲན· ཙེ་ན་ཞི་དང་ཧོ་ནན་ཞིང་ཆེན་བཟོ་རྩལ་མཛེས་རྩལ་ཆེ་མོ་བ་ཀྲོའུ་ཐིང་ལན། ལས་རིགས་ཁོངས་གཏོགས་ཀྱི་མཁས་པ་དང་ལག་རྩལ་པ་རྣམས་ཀྱིས་ཇུས་འགོད་ཀྱི་འདུ་ཤེས་ལ་སྤྱི་ཁྱབ་ནས་བརྗེ་རེས། གསར་གཏོད་ཀྱི་བསམ་གཞིར་གཏིང་ཟབ་ཏུ་གྲོས་བསྡུར། ཐུན་མོང་ཐོག་ཇུས་བཀོད་གསར་གཏོད་ཀྱི་བསམ་ཕྱོགས་གསར་པར་གཅིག་བསྡུས་སྐུལ་འདེད་བཅས་བཏང་སྟེ། ས་གདན་ཐོན་ལས་དེ་རིམ་པ་སྔར་ལས་མཐོ་བ་དང་། ཆུ་ཚད་སྔར་ལས་མཐོ་བ། ཁྱབ་ཁོངས་སྔར་ལས་རྒྱ་ཆེ་བ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་།

བོད་ལུགས་ས་གདན་ཐོན་ལས་ཀྱིས་འཛམ་གླིང་བོད་ལུགས་ས་གདན་གྱི་རིག་གནས་དང་སྦྲེལ་མཐུད་བྱུང་བ་དང་། འཛམ་གླིང་གི་རིག་གནས་མཉམ་འདྲེས་ཀྱི་འབྲེལ་ཟམ་བཙུགས་ཡོད། ད་ལྟ་མཚོ་སྔོན་གྱི་བོད་ལུགས་ས་གདན་ཐོན་ལས་ཀྱིས་རྒྱལ་ཁབ་ཀྱི“ ས་ཁུལ་གཅིག་དང་ལམ་བུ་གཅིག” གི་གནས་བབ་ལ་བརྟེན་ནས། འཛམ་གླིང་གི་མཛེས་སྡུག་དང་མཉམ་འདྲེས་བྱས་ནས་འཛམ་གླིང་གི་འཛེས་སྡུག་སྐྲུན་བཞིན་ཡོད། ལོ་ངོ14 རིང་ལ། མཚོ་སྔོན་གྱིས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་ལེགས་ཆར་བརྟེན་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་བརྒྱུད་ནས། རྒྱུན་འཁྱོངས་ལྷོད་མེད་སྒོས “ འཛམ་གླིང་གི་བོད་ལུགས་ས་གདན་གྱི་གྲོང་ཁྱེར”ཁོ་ན་ཉིད་དེ་བཞེངས་སྐྲུན་བྱས་ནས་འཛམ་གླིང་རིམ་པའི་ངོ་མཚར་རིག་གནས་ཤིག་གསར་གཏོད་བྱས་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་ལི་ཡ་ལིན་གྱིས་བཤད་པ་ལྟར་ན། བོད་ལུགས་ས་གདན་འགྲེམས་ཚོགས་ལེགས་འགྲུབ་ངང་གཉེར་བའི་ལོ14 ནི། མཚོ་སྔོན་ཞིང་ཆེན་བོད་ལུགས་ས་གདན་ཐོན་ལས་འཕེལ་རྒྱས་མགྱོགས་པོ་བྱུང་བའི་ལོ14 ཡིན། དེས་ནི་སྐྱེས་ཁམས་སྲུང་གཅེས་གཞི་རྩ་དང་པོར་བརྩིས་ཤིང་་འཚེ་མེད་འཕེལ་རྒྱས་ཀྱི་རྒྱུན་བསྐྱངས་ཏེ། འཚེ་མེད་འཁོར་རྒྱུག་གི་བོད་ལུགས་ས་གདན་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་ཡོད། བོད་ལུགས་ཐོན་ལས་ཉིན་བཞིན་རྒྱ་ཆེར་འགྲོ་བཞིན་པ་བརྒྱུད་ནས། མཚོ་སྔོན་ངོ་ཤེས་མཁན་དང་ཁས་ལེན་མཁན། མྱོང་རོལ་བྱེད་མཁན་གྱི་སྐྱེ་བོ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།

ལོ་ཙཱ་བ། གཡང་སྐྱིད།