ད་ལོ་ཙོང་ཁ་རྫོང་གིས་འཆར་གཞི་ལྟར་དབུལ་ཕོངས་རྫོང་གི་ཁྲོད་ནས་ཕྱིར་འབུད་བྱ་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཁ་གྲངས་གཙོ་བོར་འཛིན་པ་དང་དེ་ལས་ཀྱང་རྒྱུ་སྤུས་ལ་ཁག་ཐེག་བྱེད་པའི་དབུལ་ཕོངས་ཁྱིམ་ཚང་ཡོད་ཚད་དབུལ་ཐར་བརྟན་འཇགས་ཡོང་ཆེད། ཙོང་ཁ་རྫོང་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་མ་ཧྲིན་ཀྲུང་གིས་གསར་འགོད་པའི་བཅའ་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ན་ནིང་ཙོང་ཁ་རྫོང་གིས་དབུལ་ཕོངས་སྡེ་བ21ལ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ལས་གཞི་ལག་བསྟར་བྱས་ཤིང་། ད་ལོ་ཡང་དབུལ་ཕོངས་སྡེ་བ53གྱི་རྨང་གཞིའི་སྒྲིག་ཆས་ཁ་གསབ་བྱས་པ་རེད། དེ་དང་ཆབས་ཅིག དབུལ་ཕོངས་སྡེ་བ་ངོ་བོའི་ཆ་ནས་དབུལ་ཐར་ཡོང་བར་ཁག་ཐེག་བྱ་ཆེད། 2016--2017ལོའི་དབུལ་ཕོངས་སྡེ་བའི་རྨང་གཞིའི་སྒྲིག་ཆས་ཀྱི་ཞན་ཆ་ཁ་གསབ་བྱེད་པའི་ལས་གཞི་ལ་རྩད་གཅོད་གང་ལེགས་བྱས་ཏེ། ཁྱོན་ཡོངས་ནས་དབུལ་ཕོངས་སྡེ་བ་དག་གི་ཞན་ཆ་ཁ་གསབ་བྱས་པ་རེད།

ཁྱིམ་ཚང་དབུལ་ཐར་གྱི་ཆ་ནས། ཁྱོན་ཡོངས་ནས“ཆོག་མཆན་བརྒྱད”ཀྱི་སྲིད་ཇུས་ལག་བསྟར་བྱས་ཤིང་། ཁྱིམ་ཚང་དབུལ་པོ་དག་བརྟན་འཇགས་ངང་དབུལ་ཐར་བྱུང་བར་འགན་བཅོལ་བྱས། ཐོན་ལས་དབུལ་སྐྱོར་གྱི་ཐད་འཆར་གཞི་ལྟར་ན། ཤང་དང་གྲོང་བརྡལ9ཡི་དབུལ་ཕོངས་སྡེ་བ18།  དབུལ་ཕོངས་མ་ཡིན་པའི་སྡེ་བ19ཡི་ཁྱིམ་ཚང55ཡི་མི་གྲངས235གསར་སྣོན་གྱིས། ཐོན་ལས་དབུལ་སྐྱོར་རྣམ་གྲངས་ལག་བསྟར་བྱས་ཏེ་ས་གནས་ཡུལ་སྤོར་ཐད་ལ་ཡུལ་སྤོར་ལས་གཞི་མུ་མཐུད་དུ་ལག་བསྟར་བྱས་ཤིང་། གཅིག་སྡུད་སྒོས་ཐོའུ་མོན་ཀོན་ཤང་ཨ་ཁ་སྡེ་བ་ལ་བཀོད་སྒྲིག་གང་ལེགས་བྱས་ཤིང་། ཆིའུ་ཙི་ཀོའུ་སྡེ་བའི་ཁྱིམ་ཚང335ལ་བཟོ་སྐྲུན་སྲོག་ཤིང་ལག་བསྟར་བྱས་ཏེ། ཟླ10པའི་ནང་མང་ཚོགས་ཡོད་ཚད་གནས་སྡོད་ཁང་བ་གསར་པའི་ནང་གནས་སྤོར་ཐུབ་པ་བརྩོན་ལེན་བྱས་པ་རེད། སློབ་གསོའི་རོགས་སྐྱོར་ཐད་ད་ལོ་དབུལ་ཕོངས་ཁྱིམ་ཚང་དག་གི་སློབ་ཆེན་དང་ཆེད་སྦྱོང་སློབ་མ1100ལ་ཁ་གསབ་རོགས་སྐྱོར་མ་དངུལ་སྒོར་ཁྲི550ལག་བསྟར་བྱེད་པའི་འཆར་གཞི་ཡོད་ལ། ཁ་གསབ་རོགས་དངུལ་ཟླ12པའི་ཟླ་མཇུག་ལ་ཁྱོན་ཡོངས་ནས་བྱིན་ཚར་དུ་འཇུག་རྒྱུ་རེད། ལས་ཞུགས་བཅོས་སྒྱུར་ཐད་ནས་ཆར་ཕབས་འཆར་གཞིའི་གསབ་སྦྱོང་ལས་གཞི་དང་། ལས་རིགས་རྩལ་ནུས་གསབ་སྦྱོང་རྣམ་གྲངས་གཉིས་ལ་ལེགས་སྒྲིག་གང་ལེགས་ཀྱིས། ད་ལོའི་འཆར་གཞི་ནི་དངུལ་ཕོངས་ངལ་རྩོལ་ནུས་ཤུགས་ཀྱི་མི་གྲངས700ལྷག་གི་གསབ་སྦྱོང་འགན་འཁྲི་ཡོངས་འགྲུབ་བྱ་རྒྱུ་ཡིན་ལ། དབུལ་ཕོངས་ངལ་རྩོལ་ནུས་ཤུགས་མི་འབོར1602ལ་སྐྱེ་ཁམས་དོ་དམ་སྲུང་སྐྱོང་ལས་གནས1243མཁོ་སྤྲོད་བྱ་རྒྱུ་ཡིན་པ་རེད།

སྡེ་ཁུལ་གཅིག་བསྡུས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་འཆར་གཞི་ལྟར་ན། དབུལ་ཕོངས་སྡེ་བ་གཅིག་ལ་སྒོར་ཁྲི50དང་དབུལ་ཕོངས་མ་ཡིན་པའི་སྡེ་བ་དག་ལ་སྒོར་ཁྲི40རེ་ཡི་སྡེ་བ་གཅིག་གྱུར་གྱིས་འཕེལ་རྒྱས་སུ་གཏོང་བའི་སྡེ་བ་རིམ་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་ཕན་འབྲས་ངེས་ཅན་ཞིག་བླངས་ཤིང་། སྡེ་བའི་གཅིག་བསྡུས་ཀྱི་དཔལ་འབྱོར་འཕེལ་རྒྱས་སྔར་ལས་ཆེས་ཆེར་སོང་ཞིང་། སྡེ་མི་དག་གི་ཡོང་སྒོ་འཕར་སྣོན་བྱུང་སྟེ་ཕྱུག་འགྱུར་གྱི་ལམ་བུ་གསར་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས་ཡོད། 2018ལོའི་ལོ་མཇུག་བར་རྫོང་ཡོངས་ཀྱི་དབུལ་ཕོངས་སྡེ་བ་སོ་སོའི་གཅིག་བསྡུས་ཀྱི་ལས་གཉེར་རང་བཞིན་གྱི་ཡོང་འབབ་དེ་སྒོར་ཁྲི5ཡི་ཡན་ལ་འཕར་ཞིང་བརྟན་འཇགས་ཀྱི་ཚད་གཞི་ཡང་སྔར་ལས་བརྟན་འཇགས་བྱུང་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།