རང་ཞིང་གི་དངོས་ཟོང་སྐྱེལ་འདྲེན་སྡེ་ཁག་གིས་བྱ་བའི་གོ་རིམ་ལེགས་པར་བཅོས་ཏེ། འགྲུལ་པར་དམིགས་བསལ་རོགས་རམ་བྱས་པའི་རིན་སྒོར8500ལ་སླེབས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ལོ་འདི་དག་གི་རིང་ལ་ཞིང་ཆེན་ཡོངས་ཀྱི་དངོས་ཟོང་ལས་རིགས་ཀྱིས་མཁོ་སྤྲོད་རང་བཞིན་གྱི་སྒྲིག་གཞིའི་བཅོས་སྒྱུར་སྲོག་ཤིང་གི་འགན་འཁྲི་དམ་པོར་བཟུང་ནས་མ་རྩ་ཉུང་འཕྲི་དང་ཁེ་ཕན་འཕར་སྣོན། རྣམ་གཞག་གསར་གཏོད་གཉིས་ལ་རྒྱུན་འཁྱོངས་བྱས་ཏེ་གནོན་ཤུགས་དང་སྒུལ་ཤུགས་ལ་བརྟེན་ནས། ཞིང་ཆེན་ཡོངས་ཀྱི་བཟོ་ལས་བཅོས་སྒྱུར་རིམ་འཕར་དང་རྒྱུ་སྤུས་མཐོ་བའི་འཕེལ་རྒྱས་དར་སྤེལ་ཐད་ཀྱི་གཞོགས་འདེགས་བྱེད་ནུས་ཡང་མངོན་འགྱུར་བྱས་ཡོད།

དུས་ད་ལྟའི་བར། ཞིང་ཆེན་དཔལ་འབྱོར་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གིས《མཚོ་སྔོན་ཞིང་ཆེན་གྱི“ཆ་འཕྲིན་དྲ་རྒྱ+”དངོས་ཟོང་ཕན་འབྲས་ཀྱི་ཆེད་དོན་ལས་འགུལ་ཇུས་གཞི་ལ་སྐུལ་འདེད་བྱེད་པའི་ཇུས་གཞི》དང《མཚོ་སྔོན་ཞིང་ཆེན་གྱི་དངོས་ཟོང་མ་རྩ་ཇེ་དམའ་རུ་བཏང་སྟེ་ཕན་འབྲས་ཇེ་མང་དུ་གཏོང་བའི་ཆེད་དོན་ལས་འགུལ་ལག་བསྟར་ཇུས་གཞི》《སྒྲིག་སྲོལ་མཐོར་འདེགས་སུ་གཏོང་བའི་དངོས་ཟོང་ལས་རིགས་ཞབས་ཞུའི་ཆུ་ཚད་དར་སྤེལ་གཏོང་བའི་ཐད་ཀྱི་ཆེད་དོན་ལས་འགུལ་དང་འབྲེལ་བའི་བརྡ་སྦྱོར》སོགས་ཀྱི་རིམ་བསྟར་ཡིག་ཆ་པར་བསྐྲུན་འགྲེམས་སྤེལ་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་སྲིད་ཇུས་ལ་འགན་སྲུང་བྱས་ཡོད།

2017ལོར་རང་ཞིང་གིས་སྲིད་གཞུང་ལ་དངུལ་བུན་སྤྲོད་པའི་རིམ་པ་གཉིས་པའི་གཞུང་ལམ་རིན་དངུལ་ཁྱོན་ཡོངས་ནས་མེད་པར་བཏང་ཞིང་། ལམ་གླ་དངུལ་བསྡུ་བྱེད་པའི་ས་ཚིགས11མེད་པར་བཟོས། མཚོ་ནུབ་ས་ཁུལ་གྱི་བཟོ་ལས་དང་ཁེ་ལས་གཙོ་བོའི་ཁྲིམས་མཐུན་སྐྱེལ་འདྲེན་རླངས་འཁོར་གྱི་གཞུང་ལམ་ཤར་གཏོང་ཐད་ཀྱི་ལམ་གླ་ཇེ་ཉུང་དུ་གཏོང་བའི་དམིགས་གསལ་སྲིད་ཇུས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་ཁྱོན་བསྡོམས་རླངས་འཁོར་ཁྲི15.95ཡི་ཤར་སྐྱོད་ལམ་གླ་སྒོར་ཁྲི761.77ལྷག་མེད་པར་བཏང་། ཤར་སྐྱོད་གཞུང་ལམ་གྱི་སྲིད་ཇུས་ལག་བསྟར་བརྒྱུད་རིམ་ཁྲོད་ཞིང་ཆེན་ཡོངས་ཀྱིས་གཞུང་ལམ་སྟེང་ཞིང་ཕྱུགས་ཐོན་རྫས་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ཁྲི109ལྷག་གི་ལམ་གླ་སྒོར་ཁྲི7366ལྷག་མེད་པར་བཏང་བ་རེད།

དེ་དང་མཉམ་པོར་རང་ཞིང་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་ཞིང་ཆེན་ཡོངས་ཀྱི་རྐང་འཛིན་པར་གྱུར་པའི་འཕྲིན་སྐྱེལ་ཁེ་ལས་ཀྱི་ལམ་ཐིག་གཙོ་བོའི་སྐྱེལ་འདྲེན་རླངས་འཁོར་ཡོད་ཚད་ཀྱི་ལམ་གླ་མེད་པར་གཏོང་བའི་དམིགས་གསལ་སྲིད་ཇུས་ལག་བསྟར་བྱས་ཤིང་། ལོ་ཧྲིལ་པོར་ཁྱོན་བསྡོམས་ལམ་གླ་སྒོར་ཁྲི412མེད་པར་བཏང་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་དངོས་ཟོང་ལས་རིགས་ཀྱི“སྔོན་ལ་ལག་བསྟར་དང་རྗེས་ནས་དཔང་ཡིག”དགོས་པའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཤིང་། ཁྱོན་ཡོངས་ནས“འགྲིམ་འགྲུལ་ཤར་སྐྱོད་བྱང་བུ། ”དངོས་སྐྱེལ་རླངས་འཁོར་གྱིETCཡི་བཟོ་སྐྲུན་འཛུགས་བསྐྲུན། ETCམ་ལག་རྒྱལ་ཡོངས་ཀྱི་ཆ་འཕྲིན་དྲ་རྒྱ་དང་སྦྲེལ་བ་མངོན་འགྱུར་བྱས། ཁྱོན་ཡོངས་ནས་རྒྱལ་ཡོངས་ཀྱི་མཚོ་འགག་སྐམ་སའི་ངོ་བོ་གཅིག་གྱུར་ཅན་ལག་བསྟར་བྱེད་པ། རྒྱལ་སྤྱིའི་ཉོ་འཚོང་གི“སྣ་གཅིག་སྒེའུ་ཁུང”འཛུགས་བསྐྲུན་བྱ་བར་སྐུལ་འདེད་བྱེད་པ། རིམས་འགོག་ཞིབ་བཤེར་ས་ཚུགས་སུE-CTQཡི་ལས་དོན་གཙོ་བོའི་མ་ལག་བཙུགས་སྟེ། “ནང་འདྲེན་ཤར་གཏོང་དང་ཕྱིར་གཏོང་སྟབས་བདེ་ཅན”དུ་གཏོང་བ་ཡང་མངོན་འགྱུར་བྱས།

ལོ་ཙཱ་བ། ལྷ་དཔལ་སྐྱབས།