ཞིང་ཆེན་གྱི་སྨན་པ་གཞི་རིམ་དུ་བསྐྱོད་ཐེངས་མང་བས། ཞིང་བ་རྣམས་ཀྱི་ནད་བཅོས་སྟབས་བདེ་བོ་རེད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ6པའི་ཚེས1ཉིན་གྱི་ཕྱི་དྲོ། གཞོང་ཐང་རྫོང་པ་ཀྲུའུ་གྲོང་བརྡལ་གྱི་འཕྲོད་བསྟེན་ལྟེ་གནས་ཁང་དུ་ལའོ་ལིག་དང་ཞིང་བ་གཞན་པ་སྐོར་ཞིག་ལ་ཞིང་ཆེན་རིམ་པའི་སྨན་བཅོས་ཆེད་མཁས་པས་སྨན་བཅོས་བྱེད་བཞིན་ཡོད་ལ། ཁོས་གསར་འགོད་པ་ལ་བཤད་རྒྱུར། “ང་ནི་ཏུང་ཀོའུ་ཤང་གི་ཞིང་བ་ཞིག་ཡིན་ལ། སྐེ་ཚིགས་དང་སྐེད་པར་རིས་ཚིགས་གསར་སྐྱེས་ཀྱི་ནད་བྱུང་ནས་ལོ་ངོ་བཞི་ལྔ་ཞིག་འགོར་ཟིན། ད་ལྟ་ང་ཚོ་སྨན་བཅོས་བྱེད་དུ་ཞིང་ཆེན་དང་རྫོང་སོགས་ལ་འགྲོ་མི་དགོས་པར་གྲོང་ཁྱེར་གྱི་འཕྲོད་བསྟེན་ལྟེ་གནས་ནས་ཀྱང་སྨན་བཅོས་བྱེད་ཐུབ། དེའི་རྒྱུ་མཚན་ནི་ཞིང་ཆེན་རིམ་པ་དང་རྫོང་རིམ་པའི་སྨན་བཅོས་ཆེད་མཁས་པ་ནམ་རྒྱུན་གཞི་རིམ་དུ་སྨན་བཅོས་བྱེད་པ་ཡོང་བ་ནི་རྒྱུན་ལྡན་ཅན་དུ་གྱུར་ཡོད། དེའི་མི་ཚད་ཁོ་ཚོས་ད་རུང་སྔོན་ཐོན་གྱི་ལག་རྩལ་ཡང་ཁྱེར་ཡོང་ཡོད། ང་ལ་སྨན་བཅོས་བྱས་པ་བརྒྱུད་ན་ཟུག་ཡང་རིམ་བཞིན་འཇགས་པར་མ་ཟད། སྒོར་མོ་ཡང་མང་པོ་ཞིག་གྲོན་ཆུང་བྱེད་ཐུབ་སོང”ཟེར། འདི་ནི་གསར་འགོད་པ་ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ལྷན་གྱིས་རྩ་འཛུགས་བྱས་པའི་ཞིང་ཆེན་གྱི་སྨྱན་གཟུགས་གསར་འགོད་པ་གཞོང་ཐང་རྫོང་དུ་སོང་ནས། “སྨན་བཅོས་གསུམ་ལ་ཟུང་འབྲེལ་བྱས་ཏེ་སྨན་པར་སྟོན་པ་བཅོས་སྒྱུར”བྱེད་པའི་བྱ་འགུལ་ཁྲོད་ཀྱི་བཅའ་འདྲིའི་སྐད་ཆ་ཚན་པ་གཅིག་ཡིན་ལ། བཅར་འདྲིའི་ཁྲོད་སེམས་འཁུལ་བ་ནི་ཞིང་ཆེན་རིམ་པའི་སྨན་པ་ཆེད་མཁས་པ་དག་གཞི་རིམ་དུ་འགྲོ་ཐེངས་མང་པོས་ཞིང་བ་དག་གིས་ནད་ལ་སྟོན་པར་སྟབས་བདེ་བསྐྲུན་པ་དེ་རེད།

ཉིན་དེར་གསར་འགོད་པས་གཞོང་ཐང་རྫོང་མི་དམངས་སྨན་ཁང་དང་གཞོང་ཐང་རྫོང་ཀྲུང་ལུགས་སྨན་ཁང་། པ་ཀྲུའུ་གྲོང་བརྡལ་འཕྲོད་བསྟེན་ལྟེ་གནས། ཙུང་པོ་ཤང་འཕྲོད་བསྟེན་ཁང་སོགས་ཀྱི་ཡུལ་དངོས་ལ་བཅར་འདྲི་བྱས་པ་བརྒྱུད་རྫོང་དེའི་སྨན་བཅོས་ཐད་ཀྱི་ཐུན་མོང་ངོ་བོས་མང་ཚོགས་ལ་སྨན་བཅོས་ཞབས་ཞུའི་ཐད་སྟབས་བདེ་གང་ལེགས་བསྐྲུན་ཡོད། ཞིང་ཆེན་རིམ་པ་དང་རྫོང་རིམ་པའི་སྨན་ཁང་གི་ཆེད་མཁས་མི་སྣས་དུས་ཡུན་རིང་པོར་གཞི་རིམ་དུ་རོགས་སྐྱོར་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་ཧུར་ཐག་སྒོས་དྲིལ་སྒྲོག་དང་རོགས་རམ། སྣེ་ཁྲིད་བཅས་ཀྱི་བྱེད་ནུས་ཐོན་ཡོད་ལ། གཞི་རིམ་གྱི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཡང་མཐོར་འདེགས་སུ་བཏང་ནས། ཞིང་བ་མི་རྣམས་ཀྱིས་ལམ་ཐག་རིང་བོ་བརྒྱུད་ནས་ནད་ལ་སྟོན་དུ་འགྲོ་མི་དགོས་པར་རང་ཁྱིམ་གྱི་སྒོ་ཁ་ནས་ཞིང་ཆེན་རིམ་པ་དང་རྫོང་རིམ་པའི་སྨན་ཁང་གི་ཆེད་མཁས་པ་དང་སྔོན་ཐོན་ལག་རྩལ་ལ་བརྟེན་ནས་སྨན་བཅོས་དང་ལེན་བྱས་ཆོག་པ་རེད། པ་ཀྲུའུ་རྫོང་འཕྲོད་བསྟེན་ལྟེ་གནས་ཀྱི་ཀྲུང་ལུགས་སྨན་བཅོས་ཁང་ནི་ཞིང་ཆེན་མི་དམངས་སྨན་ཁང་ལྔ་པའི་ཀྲུང་ལུགས་སྨན་བཅོས་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཐེན་ཝེ་ཧྥུན་གྱིས་གསར་འཛུགས་བྱས་པ་ཡིན་ལ། ས་གནས་མང་ཚོགས་ཁྲོད་དྲེག་གྲུམ། སྐེ་ཚིགས་དང་མཁལ་སྐེད་ཀྱི་རུས་ཚིགས་གསར་སྐྱེས་ཀྱི་ནད་པ་ཅུང་མང་པ་རེད། 2017ལོའི་ཟླ4པར་ཐེན་ཝེ་ཧྥུན་གཞི་རིམ་གྱི་འཕྲོད་བསྟེན་ཁང་དེར་ཡོང་ནས་ནད་པ་འདི་དག་ལ་དམིགས་ནས་ཀྲུང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཆེད་ལས་ཚན་ཁག་གི་སྨན་བཅོས་བྱས་ཤིང་ནད་པ་ཡང་རྒྱུན་མི་ཆད་པ་རེད། ཟླ6པའི་ཚེས1ནི་རེས་གཟའ་པ་སངས་ཡིན་ཞིང་། ནད་པ་ཚང་མ་གཟའ་འཁོར་རེའི་ཐེངས་རེ་སྤེལ་བཞིན་པའི་ཆེད་མཁས་པ་དག་གི་སྨན་བཅོས་ཁྲོད་གྲལ་བསྒྲིགས་ནས་སྨན་བཅོས་བྱེད་དུ་ཡོང་ཡོད། དེ་ནི་ནམ་རྒྱུན་དང་འདྲ་བར་ཐེན་ཝེ་ཧྥུན་བྲེལ་བ་ཆེ་བའི་སྐབས་ཡིན་། ཁོས་ནད་པ་རེ་རེ་ལ་ལྟ་བཞིན་ཡོད་པ་མ་ཟད། ད་རུང་ཞག་སྡོད་བྱེད་བཞིན་པའི་ནད་པ་དག་ལ་ཡང་སྨན་བཅོས་བྱེད་བཞིན་ཡོད། འཇུ་སྟོབས་ཁོག་ནད་ཚན་ཁག་གི་ཀྲུའུ་རེན་ཀྲང་ཅ་ཀང་དང་བུད་མེད་འབྲས་སྐྲན་ཚན་ཁག་གི་ཀྲུའུ་རེན་ཀོའུ་ཅེས་ཆོན་གཉིས་ཀ་ཡང་། རང་རང་ས་རུ་ནད་པ་ལ་སྨན་བཅོས་བྱེད་པར་བྲེལ་འཚུབ་ལངས་བཞིན་ཡོད་ལ། ཀོའུ་ཅེས་ཆོན་གྱིས་གཤག་བཅོས་ཤིག་ཀྱང་བྱེད་དགོས་འདུག ནད་གཡོག་འགོ་བ་ཡོན་ཧོང་ཀྲིན་གྱིས་འཕྲོད་བསྟེན་ཁང་གི་ནད་གཡོག་པ་དག་ལ་ནད་གཡོག་ཞབས་ཞུའི་སྒྲིག་སྲོལ་རེ་རེ་ལ་ཡོ་བསྲང་བྱེད་བཞིན་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།