རང་ཞིང་གི་ཉེན་རྟོག་སྡེ་ཁག་གིས་མཐོ་རྒྱུགས་སྐབས་ཀྱི་བདེ་སྲུང་འཐབ་ཇུས་བྱ་བ་ཁྱོན་ཡོངས་ནས་སྤེལ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། མཐོ་རྒྱུགས་སྐབས་ཀྱི་བདེ་སྲུང་བྱ་བ་ལེགས་པོར་བསྒྲུབས་ཆེད། ཟླ6པའི་ཚེས4ཉིན་ཞིང་ཆེན་སྤྱི་བདེ་ཐིན་གྱིས་མཐོ་རྒྱུགས་སྐབས་ཀྱི་བདེ་སྲུང་བྱ་བར་བཀོད་སྒྲིག་གང་ལེགས་བྱས་ཤིང་ཁྱོན་ཡོངས་ནས་འཐབ་ཇུས་བྱ་བའི་སྒྲིག་གཞི་སྤེལ་བ་རེད།

ཞིང་ཆེན་སྤྱི་བདེ་ཐིན་གྱིས་བདེ་སྲུང་དང་འགྲིམ་འགྲུལ་ཉེན་རྟོག་པ། མེ་གསོད་རུ་ཁག་སོགས་སྡེ་ཁག་གིས་མཐོང་ཆེན་བྱས་ཤིང་། མཐོ་རྒྱུགས་སྐབས་ཀྱི་ལམ་ཐིག་གཅིག་བསྡུས་དང་མི་ཚོགས་འདུས་སྡོད། ས་གནས་གཅིག་བསྡུས། དུས་ཚོད་གཅིག་བསྡུས་སོགས་ཀྱི་ཁྱད་ཆོས་གཞིར་བཟུང་ནས་རྒྱུགས་ཞུགས་མི་སྣ་འགྲོ་འོངས་བྱ་སའི་འགྲིམ་འགྲུལ་ལམ་ཐིག་དང་ཞག་སྡོད་ས་ཁུལ། རྒྱུགས་ར་སོགས་སྤྱི་གཞུང་ཡུལ་དངོས་ལ་བདེ་འཇགས་འགན་སྲུང་བྱ་བ་ལེགས་པོར་བསྒྲུབས་ནས་ནོར་འཁྲུལ་ཅི་ཡང་འབྱུང་མི་སྲིད་པར་འགན་བཅོལ་བྱས་ཡོད། རྒྱུགས་ཤོག་འཇོག་ས་དང་སྤོར་ཡུལ་གནས། རྒྱུགས་ར་སོགས་ཀྱི་ས་གནས་དང་སྐྱེལ་འདྲེན་བརྒྱུད་རིམ་ཁྲོད་ཀྱི་བདེ་འཇགས་འགན་སྲུང་བྱ་བར་ཤུགས་བསྣན་ནས། དུས་ལྟར་ཆད་ལྷག་སེལ་བ་དང་བདེ་འཇགས་འགལ་རྐྱེན་མེད་པར་བཟོས། དེ་དང་ཆབས་ཅིག་ཏུ་དྲ་རྒྱར་བརྟེན་ནས་རྒྱུགས་ལེན་སྐབས་སུ་བཤུ་འབྲི་བྱེད་པ་དང་སྤྱི་ཚོགས་བདེ་འཇགས་ལ་གནོད་སྐྱོན་བཟོ་བའི་བརྡ་འཕྲིན་གྱི་ལྟ་རྟོག་ཚད་ཇེ་ཆེར་གཏོང་བར་ཤུགས་སྣོན་བྱས། ཕྱོགས་གཅིག་ནས་རྒྱུགས་ལེན་སྐབས་ཀྱི་བཤུ་འབྲིའི་ཡོ་བྱད་ཕྱིར་འཚོང་དང་རྒྱུགས་ལེན་སྐབས་ཀྱི་ཉེས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་དགོས། ཡང་ཕྱོགས་གཞན་ཞིག་ནས་ཉེས་འགལ་དང་ཉེས་ཅན་གྱི་བྱ་སྤྱོད་ནུས་ཤུགས་སྔོན་འགོག་བྱེད་པའི་ཚད་ཆེས་ཆེར་གཏོང་དགོས།

ལོ་ཙཱ་བ། ལྷ་དཔལ་སྐྱབས།