མཚོ་ནུབ་ཁུལ་རྒྱལ་ཁབ་རིམ་པའི་སྐབས་གསུམ་པའི་འོད་ནུས་གློག་འདོན་བེད་སྤྱོད་ཁྱབ་ཁོངས་ཀྱི་དཔེར་མཚོན་རྟེན་གཞི་ལས་འགོ་ཚུགས་པ།

ཟླ6པའི་ཚེས6ཉིན་གྱི་སྔ་དྲོ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཁབ་རིམ་པའི་སྐབས་གསུམ་པའི་འོད་ནུས་གློག་འདོན་བེད་སྤྱོད་ཁྱབ་ཁོངས་ཀྱི་དཔེར་མཚོན་རྟེན་གཞིའི་རྣམ་གྲངས་དེ་གཏེར་ལེན་ཁ་གྲོང་ཁྱེར་དང་ན་གོར་མོ་གྲོང་ཁྱེར་གཉིས་ནས་དུས་མཉམ་དུ་འཛུགས་བསྐྲུན་བྱེད་འགོ་བརྩམས་པ་རེད།

གཏེར་ལེན་ཁ་དང་ན་གོར་མོ་གྲོང་ཁྱེར་གཉིས་ཀྱི་གློག་འདོན་འོད་ནུས་བེད་སྤྱོད་ཁྱབ་ཁོངས་ཀྱི་རྟེན་གཞི་ནི་རྒྱལ་ཁབ་ཀྱི་འོད་ནུས་གློག་འདོན་བེད་སྤྱོད་ཁྲོད་ཀྱི“རྒྱུག་སྣེ་འཁྲིད་མཁན”གྱི་འཆར་གཞིའི་རྣམ་གྲངས་ཤིག་སྟེ། མཚོ་སྔོན་ཞིང་ཆེན་དང་མཚོ་ནུབ་ཁུལ་གྱི2018ལོའི་ནུས་ཁུངས་གསར་པའི་ཐོན་ལས་འཛུགས་ཁྲོད་ཁྲོད་ཀྱི་རྣམ་གྲངས་གལ་ཆེན་ཞིག་ཀྱང་ཡིན།

2017ལོའི་ཟླ11པར། མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དང་ན་གོར་མོའི་འོད་ནུས་གློག་འདོན་གྱི“རྒྱུག་སྣེ་འཁྲིད་མཁན”བེད་སྤྱོད་དཔེར་མཚོན་རྟེན་གཞི་དེ་རྒྱལ་ཁབ་རིམ་པའི་སྐབས་གསུམ་པའི་འོད་ནུས“རྒྱུག་སྣེ་འཁྲིད་མཁན”གྱི་འཆར་གཞིའི་ཁྲོད་བདམས་ཐོན་བྱུང་ཞིང་། མཚོ་ནུབ་ཁུལ་དེ“རྒྱུག་སྣེ་འཁྲིད་མཁན”གྱི་འཆར་གཞི་ལག་བསྟར་བྱས་པ་ནས་བཟུང་རྒྱལ་ཡོངས་ཁྲོད་ཆེས་ཐོག་མར་རྟེན་གཞི་གཉིས་བདམས་ཐོན་བྱུང་བའི་ས་ཁུལ་དུ་གྱུར་ཡོད།

ན་གོར་མོ་གྲོང་ཁྱེར་དང་གཏེར་ལེན་ཁ་གྲོང་ཁྱེར་གྱི་འོད་ནུས་གློག་འདོན་བེད་སྤྱོད་རྒྱང་རྒྱུགས་རྟེན་གཞིའི་འཛུགས་བསྐྲུན་ནི་མཚོ་ནུབ་ཁུལ་གྱི་ནུས་ཁུངས་གསར་བའི་ཐོན་ལས་འཕེལ་རྒྱས་ལོ་རྒྱུས་སྟེང་གི་ལོ་རྒྱུས་རང་བཞིན་གྱི་རྡོ་རིང་གལ་ཆེན་ཞིག་ཡིན་ལ། དེས་མཚོ་ནུབ་ཁུལ་གྱི“རྒྱལ་ཁབ་རིམ་པའི་གཙང་སེལ་ནུས་ཁུངས་དཔེར་མཚོན་རྟེན་གཞི”དང“རྒྱལ་ཁབ་རིམ་པའི་གཙང་སེལ་ནུས་ཁུངས་སྐྱེལ་འདྲེན་རྟེན་གཞི”བཅས་གསར་འཛུགས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི“རྒྱལ་ཁབ་རིམ་པའི་གཙང་སེལ་ནུས་ཁུངས་དཔེར་མཚོན་ཞིང་ཆེན”འཛུགས་བསྐྲུན་བྱེད་པའི་དོན་སྙིང་ཐད་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད།

མཚོ་ནུབ་ཁུལ་གྱི་འོད་ནུས་གློག་འདོན“རྒྱུག་སྣེ་འཁྲིད་མཁན”བེད་སྤྱོད་དཔེར་མཚོན་རྟེན་གཞི་གསར་འཛུགས་ལེགས་འགྲུབ་བྱུང་བ་ན། ལོ་རེར་ཆ་སྙོམས་ཀྱིས་རྡོ་སོལ་ཏུན་ཁྲི52ལྷག་གྲོན་ཆུང་བྱེད་ཐུབ་པ་དང་། ལོ་རེར་དུ་རྡུལ་ཕྱིར་གཏོང་ཚད་གཞི་ཡང་ཏུན7035ཡིས་ཉུང་དུ་འགྲོ་སྲིད། ལོ་གཅིག་གི་དབྱང་གཉིས་ཐན་འགྱུར་ཕྱིར་གཏོང་ཚད་ཏུན་ཁྲི156ཡིས་ཇེ་ཉུང་དུ་འགྲོ་ངེས། དེའི་མི་ཚད་ད་རུང་དཔལ་འབྱོར་ཁེ་ཕན་དང་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ཁེ་ཕན་མངོན་གསལ་གྱིས་མཐོ་རུ་འགྲོ་ཞིང་། འོད་ནུས་ལས་རིགས་ལག་རྩལ་འཕེལ་རྒྱས་བྱ་བར་སྐུལ་འདེད་བྱས་ནས་ཐོན་ལས་གཞན་སྒྱུར་རིམ་སྤར་ལ་སྐུལ་འདེད་ཀྱིས་ལྗང་མདོག་གི་ཐན་དམའ་བའི་འཕེལ་རྒྱས་མངོན་འགྱུར་ཐད་དུ་དཔེར་མཚོན་རང་བཞིན་གྱི་དར་སྤེལ་དོན་སྙིང་གལ་ཆེན་ཐོན་ཡོད་ལ། དེ་ནི་མཐོ་སྒང་གི་ས་སྟོང་བྱེ་ཐང་ཅན་གྱི་ས་ཁུལ་དུ་འོད་ནུས་ལག་རྩལ་ལ་རིམ་འགྱུར་བྱུང་བའི་ལག་ལེན་གལ་ཆེན་ཞིག་ཀྱང་ཡིན་ངེས།

ལོ་ཙཱ་བ། ལྷ་དཔལ་སྐྱབས།