མགོ་ལོག་ཁུལ་སྲིད་གཞུང་གིས་དང་བླངས་ཞབས་ཞུ་བ་རྩ་འཛུགས་བྱས་ཏེ་མཐོ་རྒྱུགས་ལ་ཞུགས་པའི་སློབ་མ་དག་ལ་བརྩེ་སེམས་གནང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་དཔེར་མཚོན་ཁུལ་གསར་འཛུགས་བྱེད་པའི་བྱེད་སྒོ་སྤེལ་པར་སྐུལ་འདེད་གཏིང་ཟབ་བྱེད་པ། དེ་དང་ཆབས་ཅིག་བསམ་པའི་དཔལ་ཡོན་གསར་འཛུགས་བྱེད་སྒོ་དེ་བྱ་བའི་ཁྲོད་བྱེ་བྲག་གིས་གསོན་ཉམས་ལྡན་པའི་ངང་ནས་ཚུར་སྣང་བྱེད་ཆེད། 2018ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་སྐབས་སུ་རྒྱ་ཆེ་བའི་རྒྱུགས་ཞུགས་སློབ་མ་དག་ལ་སྟབས་བདེ་དང་མགྱོགས་མྱུར། བདེ་འཇགས། དུས་ལྟར་རྒྱུགས་ར་ལ་སླེབས་པ། ལུས་སེམས་སྤྲོ་སྐྱིད་ངང་རྒྱུགས་ལེན་ས་གནས་སུ་ཞུགས་པ་བཅས་ལ་རོགས་རམ་བྱ་ཆེད། ཟླ6པའི་ཚེས6ཉིན། མགོ་ལོག་ཁུལ་སྲིད་གཞུང་གིས“མཐོ་རྒྱུགས་ལ་ང་ཚོས་བརྩེ་སེམས་ཟབ་ཞུགས་ཀྱིས་རྒྱུགས་ཞུགས་སློབ་མ་སྐྱེལ་ལེན་བྱེད་པའི་མཛའ་བརྩེའི་དང་བླངས་ཞབས་ཞུའི་རླངས་འཁོར་རུ་དཔུང”རྩ་འཛུགས་བྱས་པ་རེད།

མཐོ་རྒྱུགས་དུས་སྐབས་སུ་ཁོ་ཚོས་རིན་མེད་སྒོས་རྒྱུགས་ཞུགས་སློབ་མ་དང་དེའི་ཁྱིམ་བདག་དག་རིན་མེད་སྒོས་རྒྱུགས་ར་རུ་སྐྱེལ་ལེན་བྱེད་རྒྱུ་ཡིན། སྔོན་དཔག་ལྟར་ན་དུས་ཡུན་ཉིན3གྱི་རྒྱུགས་ལེན་ཁྲོད་སྐྱེལ་ལེན་རླངས་འཁོར50ལྷག་གིས་རྒྱུགས་ཞུགས་སློབ་མ་དང་ཁྱིམ་བདག་མི་གྲངས200ལྷག་རིན་མེད་སྒོས་རྒྱུགས་ར་སོ་སོར་སྐྱེལ་ལེན་བྱེད་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་ཏུ། བརྩེ་སེམས་རྒྱུགས་ཞུགས་སློབ་མ་དག་ལ་གནང་སྟེ་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ། རྒྱུགས་མ་བླངས་པའི་ཡར་སྔོན་དུ་ཁུལ་སྲིད་གཞུང་གི་གཞུང་སྒྲུབ་ཁང་གིས་སེམས་ཞིབ་མོས་གྲ་སྒྲིག་བྱ་བ་གང་ལེགས་སྒྲུབ། གཅིག་ནས་སྐད་འཕྲིན་དང་མགོ་ལོག་སྲིད་དོན་སྤྱི་དམངས་ཨང་གྲངས་སོགས་སྨྱན་གཟུགས་ལས་བརྩེ་སེམས་དང་འབྲེལ་བ་ཡོད་པའི་ཞབས་ཞུའི་རླངས་འཁོར་རུ་ཁག་གི་གནས་ཚུལ་སྤེལ་ནས་སྤྱི་ཚོགས་སྟེང་བརྩེ་སེམས་ཞབས་ཞུའི་སྐུད་ལམ་སྤྱི་བསྒྲགས་བྱས། གཉིས་ནས་རང་འགུལ་སྒོས་ཁུལ་སློབ་སྡུད་གཞུང་སྒྲུབ་ཁང་ལ་འབྲེལ་གཏུག་བྱས་ཏེ་རྒྱུགས་ཡུལ་གྱི་བྱེ་བྲག་གནས་དང་རྒྱུགས་རའི་བྱེ་བྲག་གི་བཀོད། རྒྱུགས་ཞུགས་སློབ་མ་དང་ཁྱིམ་བདག་ཡོད་སའི་གཞིས་ཁུལ། ཞག་སྡོད་བྱ་ཡུལ་གྱི་མགྲོན་ཁང་སོགས་ཀྱི་གནས་ཚུལ་སོགས་ཡང་དག་པར་ཡིད་ལ་དམ་འཛིན་བྱས་ཏེ། ནུས་ཤུགས་གང་ཡོད་སྒོས་དུས་ལྟར་སྐྱེལ་ལེན་བྱས་པ། གསུམ་ནས་ཧུར་ཐག་སྒོས་མགོ་ལོག་ཁུལ་སྤྱི་བདེ་འགྲུམ་འགྲིལ་ཉེན་རྟོག་སྡེ་ཁག་ལ་འབྲེལ་གཏུག་བྱས་ཏེ། རང་འགུལ་སྒོས་རྒྱུགས་ཞུགས་སློབ་མ་སྐྱེལ་ལེན་བྱེད་པའི་ལམ་ཐིག་ལ་རྒྱུས་ལོན་དང་ཁོང་དུ་ཆུད་པར་བྱས་པ་མ་ཟད། རྒྱུགས་གནས་ཉེ་འཁོར་གྱི་བགྲོད་ལམ་ཁོར་ཡུག་ལ་རྒྱུས་ལོན་གསལ་བོ་ཐུབ་པ། ནུས་ཤུགས་གང་ཡོད་སྒོས་བརྩེ་སེམས་བྱེད་སྒོ་བདེ་བླག་ངང་འགྲུབ་པར་ཁག་ཐེག་བྱས་ཏེ། རྒྱ་ཆེའི་རྒྱུགས་ཞུགས་སློབ་མ་དག་དུས་ལྟར་རྒྱུགས་ར་ལ་སླེབས་པར་རོགས་རམ་བྱ་རྒྱུ། བཞི་ནས་ཆར་ཆུ་འབབ་པའི་གནམ་གཤིས་ཀྱི་བབ་དང་བསྟུན་ནས་གནམ་གཤིས་མི་ལེགས་པ་དེས་རྒྱུགས་ཞུགས་སློབ་མ་དག་གི་རྒྱུགས་ལེན་ཐད་ཤུགས་རྐྱེན་ཐེབས་ཚད་ཇེ་ཉུང་དུ་གཏོང་བ། ཁུལ་སྲིད་གཞུང་གིས་ད་རུང་ཆར་ལྭ་ཆ་ཚང་བརྒྱ་ལྷག་བཟོས་ནས་རྒྱུགས་ཞུགས་སློབ་མ་དག་ལ་རིན་མེད་མཁོ་སྤྲོད་བྱ་རྒྱུ་ཡིན་པ་བཅས་རེད།

ཐེངས་འདིའི་བྱ་འགུལ་ལ་ཁུལ་གཞུང་སྒྲུབ་ཁང་གི་ལས་བྱེད་མི་སྣ་ཡོངས་ཀྱིས་དེ་དང་བསྟུན་ནས་ཟབ་ཞུགས་བྱས་ཡོད། ད་ལྟའི་བར་གཞུང་སྒྲུབ་ཁང་གིས་རླངས་འཁོར10རྩ་འཛུགས་བསྡུ་རུབ་བྱས་ཏེ། བརྩེ་སེམས་གནང་བའི་རྒྱུགས་ཞུགས་སློབ་མ་སྐྱེལ་ལེན་བྱེད་པའི་རླངས་འཁོར་ཡོད་ཚད་ནི་ཁུལ་སྲིད་གཞུང་གཞུང་སྒྲུབ་ཁང་གི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་པ་མི་སྒེར་ཡིན་ལ། རླངས་འཁོར་གྱི་ཆེས་གསལ་ས་རུ“ང་རང་མཐོ་རྒྱུགས་ལ་ཟབ་ཞུགས་སྒོས་རྒྱུགས་ལེན་སློབ་མར་བརྩེ་སེམས་འབུལ”ཞེས་པའི་མཚོན་རྟགས་བཀོད་ཡོད། ཐེངས་འདིའི་རྒྱུགས་ལེན་དཔང་ཡིག་ཡོད་པའི་སློབ་མ་དང་ཁྱིམ་བདག རྒྱུགས་ལེན་ལས་བྱེད་མི་སྣ་སོགས་ལ་རིན་མེད་སྒོས་རླངས་འཁོར་དུ་བསྡད་ནས་སྐྱེལ་ལེན་བྱས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།