མཚོ་སྔོན་ཞིང་ཆེན་གྱི་རྫོང་གཉིས་རྒྱལ་ཡོངས་ཀྱི་ཞིང་སྡེའི་ལས་རིགས་གསར་གཏོད་དཔེར་མཚོན་རྫོང་གི་གྲས་སུ་བདམས་ཐོན་བྱུང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ་ཞིང་ལས་ཞིང་སྡེ་པུའུ་ཡིས་སྤྱི་ཚོགས་སྟེང་རྒྱལ་ཡོངས་ཞིང་སྡེ་ལས་རིགས་གསར་གཏོད་དཔེར་མཚོན་རྫོང100འོས་སྦྱོར་བྱེད་པ་ལག་བསྟར་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི་ཧོར་གྲོང་རྫོང་དང་རྟ་ཐང་རྫོང་གཉིས་འོས་སྦྱོར་ཁྲོད་བདམས་ཐོན་བྱུང་བ་རེད།

ལོ་འདི་དག་གི་རིང་ལ་ཧོར་གྲོང་རྫོང་གིས་ཧོར་གྲོང་གནའ་བོའི་ཕ་ཡུལ་གྱིA5རིམ་པའི་མཛེས་ལྗོངས་ས་ཁུལ་ལ་གཞི་བཅོལ་ནས་ཁམས་གཡེང་ཞིང་ལས་དང་ཞིང་སྡེའི་ཡུལ་སྐོར་ཤུགས་ཆེན་པོའི་སྒོ་ནས་འཕེལ་རྒྱས་སུ་བཏང་། ཞིང་སྡེའི་ཡུལ་སྐོར་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་དང་ཡུལ་སྐོར་ལ་བརྟེན་ནས་ཞིང་ལས་སྟོབས་ལྡན་དུ་གཏོང་བ། ཞིང་བ་ཁྱིམ་ཚང་འབོར་ཆེན་ཞིག་ཚོང་གཉེར་ཁྲོད་ཟབ་ཞུགས་བྱེད་པ། ས་གནས་ཞིང་བ་མི་དམངས་ཀྱི་ལས་ཞུགས་ཡོང་སྒོ་འཕར་སྣོན་ལ་བགྲོད་ལམ་གསར་པ་བསྐྲུན་པ་རེད། དེང་རབས་ཞིང་ལས་ཐོན་ལས་ར་བ་གསར་འཛུགས་དང་ལས་གཏོད་ལས་ཞུགས་མཁན་ལ་གར་སྟེགས་དང་ཞབས་ཞུ་འདོན་སྤྲོད་བྱེད་ཆེད། ལས་རིགས་སོ་སོའི་སྟེང་གི་མི་སྣ3500ལྷག་ལ་གསབ་སྦྱོང་གནང་ཞིང་། རྣམ་པ་གསར་པའི་ཞིང་ལས་ཚོང་གཉེར་གཙོ་བོར་སྣེ་ཁྲིད་ཀྱིས་ཞིང་ལས་ཐོན་རྫས་ལ་ལས་སྣོན་བྱེད་པ། ཕྱིར་འཚོང་སོགས་ཀྱི་ཐོན་ལས་བརྒྱུད་ཞིང་བའི་ལས་ཞུགས་ཡོང་སྒོ་འཕར་སྣོན་ཡོང་བར་སྐུལ་འདེད་བྱས་ཏེ་ཞིང་སྡེའི་ཐོན་ལས་མི་འདྲ་བ་གཅིག་གཉིས་གསུམ་གྱི་མཉམ་བསྲེས་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྐུལ་འདེད་བརྒྱུད་ཞིང་ལས་ཞིང་སྡེའི་དཔལ་འབྱོར་མུར་འཕེལ་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་དཔེར་མཚོན་རང་བཞིན་གྱི་བྱེད་ནུས་གལ་ཆེན་ཐོན་ཡོད་པ་རེད།

རྟ་ཐང་རྫོང་གིས་རྨང་གཞིའི་སྒྲིག་ཆས་འཛུགས་བསྐྲུན་ལ་ཤུགས་སྣོན་དང་དངུལ་རྩའི་དངུལ་བུན་གཏོང་བའི་ཞབས་ཞུ་ལ་ལེགས་བཅོས། འགན་བཅོལ་ཁྱབ་ཁོངས་རྒྱ་ཆེ་རུ་གཏོང་བ། རྣམ་གྲངས་རོགས་སྐྱོར་གྱི་ཚད་གཞི་ཆེས་ཆེར་གཏོང་བ། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་ཐད་རྣམ་པ་གསར་པའི་ཞིང་ལས་ཚོང་གཉེར་གྱི་བདག་ཉིད་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱས། ཞིང་སྡེའི་ལས་རིགས་གསར་གཏོད་གྱི་གཞི་རྩའི་སྣ་མང་འཕེལ་རྒྱས་སུ་བཏང་ཞིང་བྱེད་ཐབས་ནུས་ལྡན་ལ་བརྟེན་ནས་རྫོང་ཡོངས་ཀྱི་ཞིང་ལས་རྩ་འཛུགས་ཅན་དང་སྒྲིག་སྲོལ་ཅན། ཐོན་ལས་ཅན་བཅས་ཀྱི་ཆུ་ཚད་མཐོར་འདེགས་སུ་བཏང་། དེ་མིན་རྫོང་ཡོངས་སུ་ཞིང་ལས་ཆེད་གཉེར་མཉམ་ལས་ཁང809དང་ཞིང་ལས་ཐོན་ལས་ཅན་གྱི་འགོ་ཁུངས་ཁེ་ལས47 ཁྱིམ་ཚང་ཕྱུགས་ར290བཅས་ལ་གསབ་སྦྱོང་བྱས་ཤིང་། རིགས་མི་འདྲ་ཞིང་རྣམ་པ་གསར་བའི་ཞིང་ལས་ཚོང་གཉེར་གྱིས་ཞིང་བ་ཁྱིམ་ཚང་ཁྲི3.19སྣེ་ཁྲིད་བྱས་ཤིང་། སྣེ་ཁྲིད་བྱས་པའི་ཞིང་བ་ཁྱིམ་ཚང་གི་སྡུར་ཚད་ནི་བརྒྱ་ཆའི37ལ་སླེབས། ས་ཞིང་གི་བེད་སྤྱོད་གཞི་ཁྱོན་གྱི་སྡུར་ཚད་ནི་བརྒྱ་ཆའི36ལ། སྒོ་ཕྱུགས་གསོ་སྤེལ་བྱེད་པའི་གཞི་ཁྱོན་ཅན་གྱི་སྡུར་ཚད་ཡང་བརྒྱ་ཆའི48ལ་སླེབས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།