རང་ཞིང་གིས་འགྲིམ་འགྲུལ་དོན་རྐྱེན་ཐག་གཅོད་རིན་དངུལ་བསྡུ་ལེན་ཐད་ཀྱི་སྒྲིག་སྲོལ་གསར་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། འགྲིམ་འགྲུལ་དོན་རྐྱེན་ཐག་གཅོད་རིན་དངུལ་བསྡུ་ལེན་དེ་སྒྲིག་སྲོལ་ཅན་དུ་གཏོང་བ་དང་མང་ཚོགས་ཀྱི་ཁུར་བོ་ཇེ་ཡངས་དུ་གཏོང་ཆེད། མིག་སྔར། ཞིང་ཆེན་ནོར་སྲིད་ཐིན་གྱིས་ཞིང་ཆེན་སྤྱི་བདེ་ཐིན་ལ་མཉམ་འབྲེལ་བྱས་ཏེ་ཡིག་ཆ་མར་བཀྲམས་པ་རེད། ཡིག་ཆ་དེའི་ནང་དུ་རང་ཞིང་གི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གི་གཞུང་དོན་བསྒྲུབ་པའི་འགྲོ་སོང་རིན་དངུལ་འགན་བཅོལ་ཐད་ཀྱི་དོན་ཚན་རེ་རེ་གཏན་འབེབས་གསལ་པོ་བྱས་ཡོད།

ཡིག་ཆའི་ནང་གཏན་འབེབས་གསལ་བོ་བྱས་ཡོད་དེ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འགྲིམ་འགྲུལ་དོན་རྐྱེན་དང་འགྲིམ་འགྲུལ་ཁྲིམས་འགལ་དོན་རྐྱེན་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཁྲོད། བབ་བསྟུན་གྱིས་དོན་རྐྱེན་རླངས་འཁོར་ལས་བྱུང་བའི་མྱུར་སྐྱོབས་རིན་དངུལ་དང་རླངས་འཁོར་བཞག་པའི་འགན་སྲུང་དོ་དམ་མ་དངུལ་བསྡུ་ལེན་བྱས་ཆོག་ལ། དེ་མིན་དོན་རྐྱེན་ཞིབ་བཤེར་གསལ་འབྱེད་ལས་བྱུང་བའི་ཞིབ་བཤེར་གསལ་འབྱེད་རིན་དངུལ་ཡང་སྤྲོད་དགོས་ཤིང་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འགན་ཁུར་ཡོད་པ་ལས་མི་སྒེར་དང་ལས་ཁུངས་གང་རུང་གི་མིང་ཐོག་ནས་མང་ཚོགས་ཀྱི་ལག་ནས་རིན་དངུལ་གཞན་པ་བསྡུ་ལེན་བྱས་ཏེ་མང་ཚོགས་ཀྱི་ཁུར་བོ་ཇེ་ལྕི་རུ་གཏན་ནས་བཏང་མི་ཆོག ས་གནས་སོ་སོའི་ནོར་སྲིད་སྡེ་ཁག་གིས་འདི་ལས་བྱུང་བའི་རིན་དངུལ་ཡོད་ཚད་ནོར་སྲིད་སྔོན་རྩིས་ཁྲོད་འཇོག་པར་འགན་བཅོལ་བྱེད་པ་དང་། དེ་མིན་ལྟ་སྐུལ་ཞིབ་བཤེར་དང་ནུས་ཆོད་ལས་ཆོད་ལ་དཔྱད་འཇོག་བྱ་བ་བསྒྲུབ་པར་འགན་བཅོལ་བྱེད་དགོས། དེ་དང་ཆབས་ཅིག་ཏུ་ཞིང་ཆེན་ནོར་སྲིད་གྱིས་མ་དངུལ་གང་མང་གསོག་འཇོག་བསྡུ་རུབ་བྱས་ཏེ།ནུས་ཤུགས་གང་ཡོད་སྒོས་ཞིང་ཆེན་འགྲིམ་འགྲུལ་སྤྱི་ཁྱབ་རུ་ཁག་མྱུར་བགྲོད་གཞུང་ལམ་ཡན་ལག་རུ་ཁག་གིས་འགྲིམ་འགྲུལ་དོན་རྐྱེན་ཐག་གཅོད་རིན་དངུལ་བསྡུ་ལེན་བྱ་བ་ལེགས་པོ་སྒྲུབ་པར་ནུས་ཤུགས་གང་ཡོད་ཀྱིས་རྒྱབ་སྐྱོར་བྱེད་དགོས་ཤིང་། སྲིད་གཞུང་གི་ཡིད་རྟོན་ནུས་ཤུགས་སྔར་ལས་མཐོར་འདེགས་སུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་རང་སྟེང་གི་ཁེ་ལས་ལ་འགེབས་སྲུང་བྱ་དགོས།

ལོ་ཙཱ་བ། ལྷ་དཔལ་སྐྱབས།