2018ལོའི་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་ཚོགས་ཐོག་སྔོན་དཔག་བྱས་ན་ཚོང་འགྲིག་ཚད་ཨ་སྒོར་དུང་ཕྱུར1.96ཡིན་པ་དང་། སྐབས་སྔོན་མ་ལས་ཉོ་ཚོང་གི་ཚད4.3%འཕར་ཡོད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས6ཉིན་ལ།2018ལོའི་ཀྲུང་གོའི་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་ཚོགས་ཟི་ལིང་ས་གནས་ཀྱི་བྱེད་སྒོ་ཚོགས་མཇུག་སྒྲིལ་ལ། ཐེངས་དེའི་འགྲེམས་ཚོགས་སྐབས་སྔོན་མ་དག་ལས་གཞི་ཁྱོན་ཆེ་བས། རྒྱལ་སྤྱིའི་ཆེད་ལས་རང་བཞིན་དེ་བས་མངོན་གསལ་དོད་པོ་རེད།  ཉིན་ལྔ་རིང་གི་འགྲེམས་སྟོན་དང་བརྗེ་སྤེལ། ཚོང་མོལ་ཉོ་ཚོང་བརྒྱུད། ཚོད་དཔག་བྱས་ན་ཚོང་འགྲིག་ཚད2017ལོའི་ཨ་སྒོར་དུང་ཕྱུར1.96དང་ཧ་ལམ་མཉམ་པོ་ཡོད་ལ། ད་སྔ་ཚོང་ར་དངོས་ནས་ཕར་བཙོང་ཚད་ཨ་སྒོར་ཁྲི8300ཡིན་འདུག་པ་དེ་སྐབས་སྔོན་མ་དང་བསྡུར་ན་ཧ་ལམ4.3%འཕར་འདུག   ཟི་ལིང་གི་འགྲེམས་ཚོགས་འདི་མཇུག་སྒྲིལ་རྗེས་སུ་ཡུལ་ཤུལ་དང་མགོ་ལོག་ཁུལ་གཉིས་སུ་ཐོག་མར་བསྐྱོད་དེ་སྐོར་འགྲེམས་བྱ་རྒྱུ་མ་ཟད། དུས་མཉམ་དུ་ཉིན་རེར་དྲ་ཐོག་དང་དྲ་ཕྱི་ནས་བོད་ལུགས་ས་གདན་འགྲེམས་སྟོན་བྱ་རྒྱུ་རེད།

ཐེངས་འདིའི་འགྲེམས་སྟོན་གྱིས“ས་གདན་སྤུས་ལེགས་འཐག་ནས‘ཁུལ་གཅིག་ལམ་གཅིག’འབྲེལ་ཟམ་འདིང”ཞེས་པ་བརྗོད་གཞིར་བཟུང་སྟེ།  ཁྱད་ཆོས་མངོན་པར་གསལ་ལ།  བཀྲག་མདངས་མངོན་པར་མཚར་བ། གྲུབ་འབྲས་ཕུན་སུམ་ཚོགས་པ་གཟེངས་སུ་གཏོད་ཡོད།   ཐེངས་འདིར་ཞུགས་པའི་རྒྱལ་ཁབ27དང་། འགྲེམས་ཞུགས་ཚོགས་ཞུགས་ཀྱི་རྒྱལ་ཁབ34། རྒྱལ་ཕྱིའི་འགྲེམས་ཞུགས་ཚོགས་ཞུགས་ཀྱི་རྒྱལ་ཁབ223དང་མི342ཡོད་ལ། དེ་ལོ་སྔོན་མ་ལས་ཆ་སྙོམས་ཀྱིས་ཇེ་མང་དུ་སོང་ཡོད། རྒྱལ་ནང་གི་ཞིང་ཆེན་དང་ཁུལ། གྲོང་ཁྱེར31དང་ཀང་ཨའོ་ཐའེ་ས་ཁུལ་འགྲེམས་ཚོགས་སུ་ཞུགས་ཡོད་ལ། དེར་ཁྱོན་བསྡོམས་ཁེ་ལས206དང་མི640ཡོད་པ་དང་། འགྲེམས་ཞུགས་ཚོགས་ཞུགས་ཀྱི་ཁེ་ལས420། ཆེད་ལས་གཟིགས་མོ་བ6000ལྷག་རེད།

ཟླ6པའི་ཚེས6ཉིན་གྱི་ཆུ་ཚོད12བར་དུ། འགྲེམས་ཚོགས་ལ་ཕེབས་མཁན་མི་ཁྲི40 ལ་ཉེ་བས2017ལོའི་ཁྲི10ལས་བརྒལ་ཡོད་པ་རེད།  ནང་འདྲེན་བྱས་པའི་དངོས་ཟོང་ཏུན90ཡོད་ཅིང་། དེ་སྐབས་སྔོན་མ་དང་བསྡུར་ན18.42%འཕར། རྒྱལ་ནང་གི་དངོས་ཟོག་ཏུན230ཡོད་པ་དེ་ན་ནིང་ལས10.05%འཕར། རྒྱལ་ཁབ་ཕྱི་ནང་གི་དངོས་ཟོག་ཁྱོན་བསྡོམས་ཏུན320ཡོད་པ་དང་། དེ་ནི་ན་ནིང་ལས12.28%འཕར་ཡོད་པ་རེད།

ཐེངས་འདིའི་འགྲེམས་ཚོགས་ཀྱིས“ས་གདན་རིག་གནས”ངོམ་སྟོན་ལ་དང་དོད་ཆེན་པོ་བྱས་ཡོད་དེ། འགྲེམས་ཚོགས་ལ་བརྟེན་ནས་སྐྱོན་བྲལ་འཛད་སྤྱོད་ལ་ཁྲིད་སྟོན་དང་། ས་གདན་གྱི་ཁོར་སྲུང་ཐོན་རྫས་གསར་པ་བྲིན་འཚོང་བཤམས་སྟོན་བྱས་ནས་ཀྲུང་གོའི་སྲོལ་རྒྱུན་གྱི་ས་གདན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱས། དེ་དང་ཆབས་ཅིག་ཏུ། འགྲེམས་ཚོགས་དང་ཚན་རྩལ་གསར་པ་དང་། ལག་རྩལ་གསར་པ་མཉམ་བསྲེས་ལ་སྐུལ་སྤེལ་ཧུར་ཐག་བྱས་ནས“དྲ་སྦྲེལ+འགྲེམས་ཚོགས”ཀྱི་རྣམ་པ་གསར་པ་དང་། “རྩ་གཉིས་ཨང་བཤེར་”“བརྙན་འཕྲིན་ཐད་གཏོང”VR(དངོས་ཡོད་རྟོག་བཟོ)ལ་སོགས་དེང་རབས་ལག་རྩལ་འགྲེམས་སྟོན་བརྗེ་སྤེལ་གྱི་བྱེད་སྒོ་སྤེལ་བ་དང་།  དྲ་སྦྲེལ་དང་དེང་རབས་ཆ་འཕྲིན་ལག་རྩལ་བེད་སྤྱད་དེ་དྲ་རྒྱའི་སྟེགས་བུ་བཙུགས་ནས་བོད་ལུགས་ས་གདན་དྲ་རྒྱའི་འགྲེམས་ཚོགས་སེམས་ཞིབ་མོས་བཟོས་ཏེ། དྲ་ཐོག་དང་དྲ་ཕྱི་ནས་མཉམ་སྤེལ་བྱས། གཞན་ཞབས་ཞུ་ཕྱོགས་ནས་རྒྱལ་སྤྱིའི་དང་འབྲེལ་མཐུད་ལེགས་པོ་བྱས་ཡོད།

དུས་མཚུངས་སུ། ཐེངས་འདིའི་འགྲེམས་ཚོགས་ཀྱིས་ཡུལ་ཤུལ་དང་མགོ་ལོག་ཁུལ་གཉིས་སུ་ཡན་ལག་འགྲེམས་ཚོགས་བཙུགས་པ་དང་། ས་གདན་མྱོང་རོལ་ཁང(C)ནས་“བོད་ལུགས་ས་གདན་དེང་རབས་ཁྱིམ་ཚང་དང་གཞུང་སྒྲུབ་ཁང་དུ་བསྐྱོད” “བོད་ལུགས་ས་གདན་མགོ་ལོག་དང་ཡུལ་ཤུལ་གྱི་སྦྲ་ནག་དུ་བསྐྱོད”“བོད་ལུགས་ས་གདན་མཚོ་ནུབ་སོག་གུར་དུ་བསྐྱོད”“རྨ་ལྷོ་ཁུལ་དེང་རབས་བོད་ལུགས་ཁྱིམ་ཆས་བོད་ལུགས་ས་གདན་འགྲེམས་ཚོགས་སུ་བསྐྱོད”ཅེས་པ་ལ་སོགས་པའི་ཁྱད་ཆོས་དོད་པའི་བྱེད་སྒོ་སྤེལ་བ་དང་། དྲ་ཐོག་དང་དྲ་ཕྱི་གཉིས་ཀྱི་ཉམས་རོལ་ཁང་བཀོད་སྒྲིག་བྱས་ནས་མཚོ་སྔོན་གྱི་གྲོང་ཁྱེར་དང་ཁུལ་ཁག་གི་ཁྱད་ཆོས་ཐོག་མར་ངོམ་སྟོན་བྱས་པ་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།